བླ་བྲང་ཨ་མཆོག་ཏུ་རང་ལུས་མེར་སྲེག་གི་ལས་འགུལ།

tserin_dundupདེ་རིང་ཕྱི་ཚེས་ ༢༠ ཉིན་བོད་ཨ་མདོ་བསང་ཆུ་རྫོང་། ཨ་མཆོག་རྒྱ་གར་ཐང་གི་གཏེར་ཁ་སྔོག་སའི་སྒོ་འགྲམ་དུ་བོད་མི་ཚེ་རིང་དོན་གྲུབ་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། སྐུ་གྲོངས་ཡོད་པ་རེད།

དེ་ཡང་ཨ་འཇམ་གྱིས་གནས་ཚུལ་འགྲེམས་སྤེལ་བྱས་པ་ལྟར་ན། རྒྱལ་བཅེས་དཔའ་བོ་ཚེ་རིང་དོན་གྲུབ་ཀྱིས་རང་ལུས་མེར་སྲེག་གཏོང་སྐབས། ཕྱི་ཚེས་༢༠ བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༨།༣༠ ཡས་མས་སུ་ཡིན་པ་དང་། བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་། ཨ་མཆོག་ཚོ་བ་བརྒྱད་ཀྱི་ནང་གསེས་ཁྱི་ངན་སྡེ་པ་ནས་ཡིན་འདུག ཁོང་རང་ལོ་ ༣༤ ཡིན་པ་དང་། ཕའི་མིང་ལ་ཀླུ་འབུམ་རྒྱལ་དང་མ་མིང་ལ་འབྲུག་མོ་མཚོ་ཞུ་ཟེར་གྱི་ཡོད་འདུག ཁོང་གི་སྤུན་ཆེད་ཀྱི་མིང་ལ་བཀྲ་ཤིས་རྒྱ་མཚོ་དང་སྒྲོལ་མ་སྐྱིད་དང་། བཟའ་ཟླའི་མིང་ལ་རྟ་མགྲིན་མཚོ་ཟེར་ཞིང་། ཕྲུ་གུ་གཉིས་ཡོད་པའི་གཅིག་གི་མིང་ལ་ལྷ་གོ་འབོད་ཀྱི་ཡོད་འདུག །

tserin_dundup

དཔའ་བོ་ཁོང་ནི་མི་གཤིས་ཧ་ཅང་བཟང་བས་དུས་རྒྱུན་དུ་འཛུམ་ཤིག་ཤིག་ཏུ་སྡོད་པ་ཞིག་ཡིན་པས། སྡེ་མི་ཀུན་ཀྱང་ཧ་ཅང་དགའ་སའི་མི་སྣ་ཞིག་ཡིན་ལ། དུས་རྒྱུན་དུ་བོད་མི་རིགས་ཀྱི་བདེ་སྡུག་ལ་དོ་སྣང་ཆེ་ཞིང་བོད་དོན་སྐོར་གླེང་སྐབས་ སེམས་ཁུར་ཆེན་པོ་ཡིན་མཁན་ཞིག་རེད་ཅེས་འགྲེལ་བརྗོད་བྱས་འདུག །

ཕྱི་ཟླ་༡༠ ཚེས༢༦ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་༢།༣༠ ཡས་མས་ཙམ་དུ་མདོ་སྨད་བསང་ཆུ་རྫོང་། ཨ་མཆོག་ཡུལ་ཚོའི་དམག་ཁང་དང་ཁྲིམས་ཁང་གི་མདུན་ཐད་ནས། བོད་མི་ལྷ་མོ་ཚེ་བརྟན་གྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་ སྐུ་གྲོངས་ཡོད་འདུག་