ཨ་རིར་སློབ་གྲྭར་མི་གསོད་དོན་རྐྱེན་ཐེངས་གཉིས་པ།
ཨ་རིའི་ཁཱོ་ནིག་ཊེ་ཁ་ཊེ་མངའ་སྡེའི་ནེའུ་ཁྲོན་ས་གནས་ཀྱི་དམའ་རིམ་སློབ་གྲྭ་ཞིག་གི་ནང་མེ་མདའ་བརྒྱབ་ནས། མི་༢༧ རྐྱེན་ལམ་དུ་བཏང་འདུག
དེ་ཡང་ཟླ་འདིའི་ཚེས་༡༤ ཉིན་གྱི་ཞོགས་པར་ཨ་རིའི་ཁཱོ་ནིག་ཊེ་ཁ་ཊེ་མངའ་སྡེའི་ནེའུ་ཁྲོན་ས་གནས་ཀྱི་དམའ་རིམ་སློབ་གྲྭ་ཞིག་གི་ནང་། མི་ཞིག་གིས་མེ་མདའ་གང་བྱུང་བརྒྱབ་ནས། སློབ་ཕྲུག་༢༠ དང་སློབ་སྤྱི་གཙོས་པའི་མི་དྲུག་བཅས་བསྡོམས་༢༦ དམར་གསོད་གཏོང་ཡོད་པ་དང་། དེ་རྗེས་ལག་དམར་བས་རང་གསོད་བྱས་ཡོད་འདུག
སེ་བྷི་ཨེ་སི་ (CBS) གསར་ཁང་གིས་ལག་དམར་དེ་ནི་ལོ་ཉི་ཤུར་སོན་པའི་ཨཱ་དམ་ལཱན་ཛ་ཟེར་བ་དེ་ཡིན་སྐོར་གསལ་བསྒྲགས་བྱས་ཡོད་པ་དང་། དོན་རྐྱེན་དེའི་སྐོར་ལག་དམར་བའི་སྤུན་རྒན་པ་ཪཱན་ལན་ཛར་ཉེན་རྟོག་པས་འདྲི་རྩད་བྱེད་བཞིན་པ་རེད་འདུག
དོན་རྐྱེན་བྱུང་རྗེས་ཕོ་བྲང་དཀར་པོའི་རྒྱལ་དར་ཕབ་ནས་མྱ་ངན་གུས་གཏུད་ཞུས་པ་དང་། སྲིད་འཛིན་ཨོ་བྷ་མ་བཤུམ་བཞིན་མྱ་ངན་གྱི་གཏམ་བཤད་གནང་ཡོད་པ་རེད།
༢༠༠༧ ལོར་ཨ་རིའི་ཝིར་རྗི་ནི་ཡཱའི་ལག་ཤེས་མཐོ་སློབ་ཞིག་ཏུ་མི་༣༣ བསད་ནས་མི་གསོད་དོན་རྐྱེན་བྱུང་བ་དང་། ཐེངས་འདི་ནི་ཨ་རིའི་རྒྱལ་ཡོངས་སུ་བྱུང་བའི་སློབ་གྲྭར་མི་མང་པོ་དམར་གསོད་ཀྱི་དོན་རྐྱེན་བྱུང་བ་ཐེངས་གཉིས་པ་དེ་ཆགས་ཡོད་འདུག