སོ་སོའི་ཕ་མེས་ཀྱི་ཆོས་ལ་བརྩི་བཀུར་བྱེད་དགོས་པ་གལ་ཆེན་པོ་རེད།

༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཨུ་རུ་སུ་ནས་ཆེད་དུ་བཅར་བའི་ནང་པའི་དད་ལྡན་ཆོས་ཞུ་བ་༡༢༠༠ བརྒལ་བ་གཙོས། བོད་ནས་གསར་དུ་ཕེབས་པ་ཁག་ཅིག་ལ་ཉིན་བཞིའི་རིང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་གནང་གི་ཡོད་པ་རེད་འདུག

དེ་ཡང་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་ཇི་ལྟར་སྔོན་ནས་རེ་སྐུལ་ཞུས་དོན་ལྟར། ཟླ་འདིའི་ཕྱི་ཚེས་༢༤ ཉིན་༧གོང་ས་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་ནང་། ཉིན་གྲངས་བཞིའི་རིང་ཨུ་རུ་སུ་ནས་ཆེད་དུ་བཅར་བའི་དད་ལྡན་ཆོས་ཞུ་བ་༡༢༠༠ བརྒལ་བ་གཙོས། བོད་ནས་གསར་དུ་ཕེབས་པ་ཁག་ཅིག་ལ་ཉིན་བཞིའི་རིང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་དབུ་འཛུགས་གནང་ཡོད་པ་དང་།

ཉིན་དང་པོའི་གསུང་ཆོས་དབུ་འཛུགས་སྐབས་༧གོང་ས་མཆོག་གིས་དད་ལྡན་ཆོས་ཞུ་བ་ཚོར་བཀའ་སློབ་གནང་དོན། ཁྱེད་རང་ཚོ་ཕ་མེས་ནས་ནང་པ་ཡིན་མཁན་དེ་ཚོ་ཞེ་དྲག་ཡག་པོ་རེད། དེ་སྔོན་ནང་པའི་ཆོས་དང་འབྲེལ་བ་མེད་མཁན་དེ་ཚོའི་ནང་དུ་ཡང་དེང་སང་དོ་སྣང་གསར་དུ་བྱེད་མཁན་ཡོང་གི་ཡོད་རེད། ཁྱེད་རང་ཚོ་ཡིན་ན་ཕ་མེས་ནས་ནང་པའི་ཆོས་བྱེད་མཁན་མ་རེད། ངས་ནམ་རྒྱུན་སོ་སོའི་ཕ་མེས་ནས་བརྒྱུད་པའི་ཆོས་དེ་རྒྱུད་འཛིན་བྱས་པ་ཡིན་ན་བརྟན་པ་ཡོད་རེད་ཟེར་གྱི་ཡོད། ཆོས་རྒྱུད་བརྗེ་ཟེར་བ་དེར་ཏོག་ཙམ་བསམ་བློ་ཡག་པོ་གཏོང་དགོས་ཀྱི་ཡོད་རེད། ཡིིན་ན་ཡང་དེང་སང་ནུབ་ཕྱོགས་རྒྱལ་ཁབ་དང་། ཡོ་རུབ་རྒྱལ་ཁབ་སོགས་སུ་ཡང་དེ་སྔོན་ནང་པའི་ཆོས་དང་དམིགས་བསལ་གྱིས་འབྲེལ་བ་མེད་ཀྱང་། སྤྱིར་ནང་པའི་ཆོས་དང་ཡང་སྒོས་སུ་སངས་རྒྱས་པའི་ལྟ་གྲུབ་ལ་དོ་སྣང་གསར་པ་ཞིག་ཡོང་གི་ཡོད་རེད།

དེར་བརྟེན་ཁྱེད་རང་ཚོ་ཕ་མེས་ནས་ནང་ཆོས་བྱེད་ཀྱི་མེད་མཁན་དེ་ཚོས་བསམ་བློ་ཡག་པོ་ཐོངས། སོ་སོའི་ཁམས་དང་མོས་པ་ལ་སངས་རྒྱས་པའི་ལྟ་གྲུབ་དེ་རན་པོ་དང་དེས་སོ་སོ་ལ་ཕན་ཐོགས་ཡོད་བསྡད་པ་ཞིག་ཡིན་ན། སོ་སོས་རང་དབང་རེད། ཡིན་ན་ཡང་སོ་སོའི་ཕ་མེས་ཀྱི་ཆོས་ལ་བརྩི་བཀུར་བྱེད་དགོས་པ་གལ་ཆེན་པོ་རེད་འདུག རིགས་འགའ་ཤས་ཀྱིས་ཆོས་ལུགས་བརྗེ་དགོས་པའི་རྒྱུ་མཚན་དེ། ཆོས་ལུགས་གསར་པ་དེ་ཡང་དག་པ་ཡིན་པ་དང་། སོ་སོའི་ཕ་མེས་ཀྱི་ཆོས་ལུགས་དེ་ཡང་དག་པ་མ་ཡིན་པའི་རྒྱུ་མཚན་བཤད་ཀྱི་ཡོད་རེད། དེ་ཡག་པོ་མ་རེད་ཅེས་དང་།

ཡང་ཁོང་གིས་འཛམ་གླིང་གི་ཆོས་ལུགས་ཚང་མའི་མཐར་ཐུག་གི་དམིགས་ཡུལ་དེ། བྱམས་པ་དང་བརྩེ་བ། སྙིང་རྗེ་དང་ཆོག་ཤེས་སོགས་ཀྱིས་འགྲོ་བ་མིའི་རིགས་ལ་ཕན་ཐོགས་བསྒྲུབ་རྒྱུ་དེ་ཡིན་སྐོར་དང་། དེ་ལྟར་བྱམས་པ་དང་བརྩེ་བ་སོགས་ཉམས་ལེན་བྱེད་དགོས་པའི་རྒྱུ་མཚན་དེར། འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན་སོགས་ལྟ་གྲུབ་མི་འདྲ་བ་བྱུང་ཡོད་སྐོར། དེ་བཞིན་འགྲོ་བ་མིའི་རིགས་ལ་མི་བདེ་བ་དང་མི་སྐྱིད་པ་བཟོ་མཁན་དེ་ང་འཛིན་གྱི་ལྟ་བ་ཡིན་པས། དེ་ཆུང་དུ་གཏོང་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་ཡོད་པ་རེད་འདུག

ཐེངས་འདིའི་༧གོང་ས་མཆོག་གི་གསུང་ཆོས་སྐབས་ཨུ་རུ་སུའི་ས་ཁུལ་འདྲ་མིན་ནས་ཆོས་ཞུ་བ་༡༢༠༠བརྒལ་བ་དང་། བོད་ནས་གསར་དུ་ཕེབས་པའི་དད་ལྡན་ཆོས་ཞུ་བ་ཁག་ཅིག་ཀྱང་ཕེབས་ཡོད་པ་རེད་འདུག་ལ།  ཨུ་རུ་སུའི་སྐད་དང་བོད་སྐད། རྒྱ་སྐད། དབྱིན་སྐད་བཅས་སྐད་རིགས་༤ ནང་སྐད་བསྒྱུར་བྱེད་ཀྱི་ཡོད་པ་རེད།

དེ་བཞིན་ཕྱི་ཚེས་༢༦ ཉིན་༧གོང་ས་མཆོག་ལྡི་ལི་བོད་སྒར་བསམ་ཡས་གླིང་གཞིས་ཆགས་དབུ་བརྙེས་ནས་ལོ་ངོ་༥༠ འཁོར་བའི་དུས་དྲན་གྱི་མཛད་སྒོར་ཆིབས་བསྒྱུར་བསྐྱང་གི་ཡོད་པ་རེད།