ངེས་པར་ཀློག་དགོས་པའི་སུད་སི་ཁུལ་གྱི་གནས་ཚུལ།
འཇིགས་བྲལ་བསྟན་འཛིན། སུད་སི།
ཉེ་སྔོན་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༡༡ ཚེས་ ༣ ཉིན་སུད་སི་ཛུ་རིག་གྲོང་ཁྱེར་གྱི་ཉེ་འདབས་སུ་ཡོད་པའི་ཝེ་དཱན་སུ་ཝིལ་ཞེས་པའི་ས་གནས་སུ་ཁུལ་འདིར་གསར་དུ་འབྱོར་བའི་བོད་མི་ཞིག་ལ་དགའ་སྐྱོ་གཉིས་ལྡན་དུ་གྱུར་པའི་གནས་ཚུལ་ཞིག་བྱུང་བ་རེད།
དེ་ཡང་ཉིན་དེའི་ཞོགས་པ་སྔ་པོ་བོད་མི་ཚེ་འཕེལ་ཞུ་བ་ཞིག་སུད་སི་རྒྱལ་ས་སྦེན་གྲོང་ཁྱེར་དུ་བདེན་པའི་མེ་ལྕེ་བསྐོར་བསྐྱོད་སླེབས་ཀྱི་ཡོད་པ་དེ་ལ་འགྲོ་འཆར་གྱིས་ཝེ་དཱན་སུ་ཝིལ་མེ་འཁོར་བབ་ཚུགས་སུ་འབྱོར་ཡོད་པ་རེད། ཁོས་དེ་གར་ཝེ་དཱན་སུ་ཝིལ་ས་གནས་བོད་རིགས་ཚོགས་པའི་བོད་དོན་སྐད་འབོད་ཆེད་རླངས་འཁོར་གླས་ཡོད་པ་དེ་སྒུག་བསྡད་ཡོད་པ་རེད། ནམ་རྒྱུན་ས་གནས་དེ་གའི་ཁུལ་དུ་ཡོད་པའི་བོད་མི་བོད་དོན་ཆེད་སྐད་འབོད་ལ་འགྲོ་མཁན་ཚོའི་ཆེད་དུ་གོ་སྒྲིག་བྱེད་ཀྱི་ཡོད་པ་དང་། རླངས་འཁོར་ནང་གི་རྐུབ་སྟེགས་སྟོང་པ་ཡོད་ན་དེ་ཁུལ་དུ་ཡོད་པའི་བོད་རིགས་ཚོགས་པའི་ནང་དུ་འཛུལ་ཞུགས་བྱས་མེད་པའི་བོད་མི་གསར་འབྱོར་བ་ཚོ་སྡོད་བཅུག་གི་ཡོད་འདུག དེར་བརྟེན་ཚེ་འཕེལ་ནས་རང་ལ་དངུལ་མེད་སྟབས་གོ་སྐབས་འདི་སྒུག་ནས་འགྲོ་ཐབས་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་ཉིན་འདིར་རྐུབ་སྟེགས་སྟོང་པ་ཡོད་ཀྱང་ས་གནས་བོད་རིགས་ཚོགས་པའི་འཐུས་མི་ནས་ཁོ་རང་བཅུག་མེད་པ་རེད། ཡིན་ནའང་གླ་བྱེད་རླངས་འཁོར་ལ་འགྲོ་སོང་ཆུང་དུ་འགྲོ་བ་དང་ཡང་ན་ཆེ་རུ་འགྲོ་བར་ཕན་གནོད་ཡོད་པ་མ་རེད། དེའི་རྒྱུ་མཚན་ནི་གླ་བྱེད་རླངས་འཁོར་དེ་སྔ་ས་ནས་གོང་ཚད་གཏན་འབེབས་བྱས་ཡོད་པ་ཞིག་ཡིན་པ་རེད། དེར་བརྟེན་ཁོ་རང་སྡོད་མ་བཅུག་པས་ཧ་ཅང་བློ་ཕམ་དང་ཡིད་སྐྱོའི་ངང་ད་ལྟ་རང་ཁོ་རང་གི་མིག་མདུན་ནས་འགྲོ་བཞིན་པའི་གླ་བྱེད་རླངས་འཁོར་དེའི་རྒྱབ་ལ་ལྟ་བཞིན་ཡིད་སྐྱོ་བའི་དབུགས་རིང་ཞིག་འཐེན་བཞིན། མེ་འཁོར་བབ་ཚུགས་ཀྱི་ཕྱི་རོལ་དེར་ཡར་འགྲོ་མར་འགྲོ་བྱེད་བཞིན་བསྡད།
སྐབས་དེར་དེ་གར་བོད་མི་དངོས་གྲུབ་རྒྱལ་པོ་དང་། ཚེ་རིང་དབྱངས་སྐྱིད་བཟའ་མི་གཉིས་སླེབས་པ་དང་། ཁོང་ཚོ་གསུམ་པོ་ཕན་ཚུན་དེ་སྔ་ངོ་མི་ཤེས་ཀྱང་བོད་པའི་འགྲོ་ལུགས་བཞིན་བཀྲ་ཤིས་བདེ་ལེགས་ཞུ་རེས་བྱས་རྗེས། ཁོང་བཟའ་མི་གཉིས་ནས། ཁྱོད་རང་དེ་རིང་སྐད་འབོད་ལ་འགྲོ་གི་མེད་དམ་ཞེས་སྐད་ཆ་དྲིས་པར། ཚེ་འཕེལ་ནས་བློ་ཕམ་དང་བཅས། ང་འགྲོ་མཁན་ཡིན་ཡང་ས་གནས་ཚོགས་པའི་གླ་བྱེད་རླངས་འཁོར་ལ་རྐུབ་སྟེགས་སྟོང་པ་ཡོད་བཞིན་བཅུག་མ་སོང་། དཱ་ང་སྐད་འབོད་དུ་འགྲོ་བར་དངུལ་མེད་པས་ཕྱིར་ལོག་དགོས་པ་ཆགས་སོང་ཞེས་ལན་དྲང་པོ་བཏབ་པ་རེད། དེ་འཕྲལ་ཁོང་གཉིས་ནས། ཁྱོད་རང་ངེས་པར་སྐད་འབོད་ལ་འགྲོ་དགོས་རེད། ད་ཐེངས་ཀྱི་བདེན་པའི་མེ་ལྕེ་བསྐོར་བསྐྱོད་དེ་ཧ་ཅང་གལ་ཆེན་པོ་རེད། འདི་ལ་མི་རེ་རེ་ཡིན་ན་མང་ན་ཡག་པོ་ཡོད་རེད། ཁྱོད་རང་ལ་འགྲུལ་བསྐྱོད་ཆེད་བཅག་ལག་ཁྱེར་ཡོད་དམ་ཅེས་དྲིས་དུས། ང་ལ་འགྲུལ་བསྐྱོད་ཆེད་བཅག་ལག་ཁྱེར་མེད་ཅེས་ལན་བཏབ་ཡོད་འདུག ༼སུད་སི་ཁུལ་དུ་འགྲུལ་བསྐྱོད་ཆེད་བཅག་ལག་ཁྱེར་ཟེར་བ་ཞིག་སུ་སྒོར་བརྒྱ་དང་དྲུག་བཅུ་ལྷག་སྤྲད་ནས་ལོ་གཅིག་གི་རིང་བཟོ་རྒྱུ་ཡོད་པ་དང་། དེ་བཟོས་ཡོད་ན་མེ་འཁོར་སོགས་ཀྱི་འཁོར་གླ་དེ་སུ་སྒོར་ ༢༠ འགྲོ་སར་སུ་སྒོར་ ༡༠ ཙམ་ལས་འགྲོ་གི་མེད་པ་རེད། ཚེ་འཕེལ་ནི་དེ་བཟོ་བར་དངུལ་མེད་མཁན་ཞིག་ཡིན་པས་བཟོ་ཐུབ་མེད་པ་རེད། རྒྱུ་མཚན་ནི་ཁོ་རང་ས་ཁུལ་འདིར་གསར་དུ་འབྱོར་བ་ཞིག་དང་། ཡིག་ཆ་རག་མེད་པས་ལས་ཀ་ཡང་བྱེད་ཆོག་གི་མེད་པས་རེད།༽
དེ་འཕྲལ་ཚེ་རིང་དབྱངས་སྐྱིད་ནས་ཏོག་ཙམ་སྒུག་ཨང་ཟེར་ནས་ཕར་སོང་སྟེ་ཉིན་འདིར་ཡར་མར་གཉིས་ཀར་འགྲོ་འོང་བྱེད་ཆོག་པའི་མེ་འཁོར་འཛིན་བྱང་ཉོས་ནས་སླེབས་པ་རེད། དེ་ནས་ཁོང་ཚོ་གསུམ་པོ་མེ་འཁོར་ལ་བསྡད་དེ་བདེན་པའི་མེ་ལྕེ་བསྐོར་བསྐྱོད་ལས་འགུལ་ལ་ཕྱིན་པ་རེད། ལམ་བར་ཛུ་རིག་མེ་འཁོར་འབབ་ཚུགས་སུ་མེ་འཁོར་བརྗེ་སྤོར་གྱི་དུས་ཡུན་ནང་ཁོང་བཟའ་མི་གཉིས་ནས་བོད་མི་གཞན་པ་ཞིག་ཁྲིད་ཡོང་བ་རེད། ཚེ་འཕེལ་ནས་རྗེས་སུ་ཤེས་རྟོགས་བྱུང་བར་བོད་མི་དེ་ཡང་གསར་དུ་སླེབས་པ་ཞིག་ཡིན་པ་དང་། ཁོ་ཡང་ཁོང་གཉིས་ནས་འགྲོ་གྲོན་བཏང་ནས་ཁྲིད་ཡོང་བ་ཞིག་ཡིན་པ་དེ་རེད།
ཁོང་ཚོ་བཞི་པོ་ཛུ་རིག་ནས་མེ་འཁོར་ནང་ཕན་ཚུན་སྐད་ཆ་ཤོད་བཞིན་སྦེན་གྲོང་ཁྱེར་ལ་ཕྱིན་པ་དང་། ཁོང་བཟའ་མི་གཉིས་ནས། རྗེས་ཕྱོགས་ཁྱོད་རང་ཚོ་བོད་ནས་སླེབས་པ་ཡིན་དུས་བོད་ཀྱི་གནས་ཚུལ་ཤེས་ཀྱི་ཡོད་པས། བོད་ནང་གི་བོད་མིའི་ཆེད་དུ་བོད་དོན་ལས་འགུལ་དེ་འདྲ་སྤེལ་ན་ང་ཚོར་འབྲེལ་བ་བྱེད་རོགས། གང་ཐུབ་རོགས་པ་བྱེད་ཀྱི་ཡིན་ཞེས་ནན་ཏན་དུ་བརྗོད་ཡོད་འདུག མ་ཟད་ཉིན་དེའི་ཕྱི་ཉིན་སུད་སི་ཇི་ནི་ཝ་གྲོང་ཁྱེར་དུ་བདེན་པའི་མེ་ལྕེ་བསྐོར་བསྐྱོད་ལ་ཡང་འགྲོ་དགོས་པ་རེད་ཅེས་འགྲོ་གྲོན་བཏང་ནས་ཁྲིད་ཡོད་པ་དང་། ཉིན་གཉིས་པོ་དེའི་རིང་བོད་མི་གསར་དུ་འབྱོར་བ་དེ་གཉིས་ཀྱི་ཇ་དང་ཁ་ལག་ཡོངས་རྫོགས་ཀྱི་འགྲོ་གྲོན་བཏང་ཡོད་འདུག ཁོང་བཟའ་མི་གཉིས་ནས་རགས་རྩིས་བྱས་ན་བོད་མི་གཅིག་བོད་དོན་ལས་འགུལ་སྤེལ་བར་འགྲོ་ཐུབ་ཆེད་སུ་སྒོར་སུམ་བརྒྱ་ལྷག་གི་འགྲོ་སོང་བཏང་ཡོད་པ་རེད། དངུལ་དེ་ཧིན་སྒོར་དུ་བསྒྱུར་ན་ཧིན་སྒོར་ ༡༧༡༠༠།༠༠ ལྷག་བཏང་ཡོད་པ་རེད།
བོད་མི་ཚེ་འཕེལ་ནས་ཕྲན་ལ་གནས་ཚུལ་དེ་བརྗོད་སྐབས་གནས་ཚུལ་འདི་གལ་ཆེན་དུ་བརྩིས་ནས་ཞིབ་ཕྲ་སྐད་ཆ་དྲིས་ཏེ། ཉིན་གཉིས་པོ་དེའི་ནང་བྱུང་བའི་གནས་ཚུལ་འདི་ཡིག་ཐོག་ཏུ་བྲིས་པ་ཡིན། ངེས་པར་ཁོང་བཟའ་མི་གཉིས་ཀྱི་འདྲ་པར་ཞིག་རག་ཐབས་བྱེད་རོགས་ཞེས་འབོད་སྐུལ་བྱས་པ་བཞིན་ཚེ་འཕེལ་ནས་ཐབས་ཤེས་བྱས་འདུག་ལ། མཐར་བོད་མི་ཚེ་འཕེལ་ནས་མཐའ་མ་ཕྲན་ལ་བརྗོད་དོན་ལ། སུད་སིར་ཕྱི་ལོ་ ༡༩༧༣ ལོར་འབྱོར་བའི་བོད་མི་ཁོང་བཟའ་མི་གཉིས་སྤྱིར་བོད་དོན་ཐོག་སེམས་ཤུགས་དེ་འདྲའི་ཆེན་པོ་ཡོད་པ་དང་། ཁོང་གཉིས་ནས་༧གོང་ས་མཆོག་དང་། བོད་གཞུང་། ལྷག་པར་དཀའ་ངལ་མྱོང་བཞིན་པའི་བོད་ནང་གི་བོད་མི་ཚོའི་ཆེད་དུ་དོན་ཕན་ལྡན་པའི་ལས་དོན་ཡིན་ཕྱིན་རོགས་སྐྱོར་བྱེད་རྒྱུའི་བསམ་བློ་ཤུགས་ཆེན་པོ་ཡོད་པ་འདིས་ང་རང་སེམས་པ་ཧ་ཅང་དགའ་བ་དང་། བརྗོད་མི་ཤེས་པའི་ཚོར་སྣང་བྱུང་ཟེར།