སློབ་མ་ལུང་རིག་རྡོ་རྗེས་རང་སྲེག་གཏོང་རྩིས་བྱས་པ།

lungrig_dorje1ཕྱི་ཚེས་༢༤ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་ཁྱིམ་སློབ་གྲའི་སློབ་མ་ཞིག་གིས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གཏོང་གྲབས་བྱེད་སྐབས། ཉེ་འཁོར་མི་གཞན་གྱིས་མཐོང་ནས་བཀག་འགོག་བྱས་ཡོད་པ་རེད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༤ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་ཁྱིམ་སློབ་གྲའི་འཛིན་རིམ་དགུ་པ་དང་། རང་ལོ་ཉི་ཤུ་ལ་སོན་པའི་མིང་ལ་ལུང་རིག་རྡོ་རྗེ་ཟེར་བའི་སློབ་ཕྲུག་ཞིག་གིས། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས། སློབ་གྲའི་ལོ་འཁོར་གུང་སེང་གི་ཉིན་མོ་དང་བསྟུན་ཏེ་སྦེལ་ཀོབ་ལུགས་བསམ་གླིང་གཞིས་གྲོང་དང་པོའི་མཉམ་འབྲེལ་ཚོང་ཁང་མདུན་དུ། སྔ་དྲོའི་ཆུ་ཚོད་༩།༣༠ཙམ་ལ་ལུས་ལ་ས་སྣུམ་བླུག་ཏེ་རང་ལུས་མེར་སྲེག་གཏོང་རྩིས་བྱེད་སྐབས། རླུང་བུ་ཤུགས་ཆེན་གཡུགས་རྐྱེན་མེ་འབར་མ་ཐུབ་པའི་སྐབས་མི་གཞན་གྱིས་ཤེས་རྟོགས་བྱུང་ཏེ་བཀག་འགོག་བྱེད་ཐུབ་པ་བྱུང་འདུག སློབ་ཕྲུག་དེར་རང་ལུས་མེར་སྲེག་གཏོང་དགོས་དོན་བཅར་འདྲི་བྱས་པར་ཁོང་གིས། རང་ལུས་མེར་སྲེག་གཏོང་དགོས་དོན་ནི་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་རྣམས་རྒྱ་གཞུང་གིས་ཕྱི་ཕྱོགས་སུ་གནས་ཚུལ་ཁྱབ་རྒྱུར་བཀག་སྡོམས་ནན་པོ་བྱེད་ཀྱི་ཡོད་སྟབས། ཁོང་གི་རང་དབང་ལུང་པར་རང་ལུས་མེར་སྲེག་བཏང་ཏེ། བོད་དོན་གནས་ཚུལ་དེ་རྒྱལ་སྤྱིའི་ཐོགས་ཁྱབ་སྟེ་རྒྱབ་སྐྱོར་ཐུབ་རྒྱུའི་རེ་བ་བྱས་ཡོད་པའི་འགྲེལ་བརྗོད་གནང་གི་འདུག

ཡང་ཁོང་གིས་༢༠༡༡ ལོ་ནས་རང་ལུས་མེར་སྲེག་བཏང་རྒྱུའི་བསམ་བློ་བཏང་ཡོད་ན་ཡང་སྐབས་དེར་ཡིག་ཚད་གཏོང་ལ་ཉེ་བ་ཡིན་སྟབས། སློབ་ཕྲུག་རྣམས་ཀྱི་ཡིག་ཚད་ལ་དོ་ཕོག་མ་ཡོང་ཆེད་ཡིག་ཚད་ཚར་ནས་མེར་སྲེག་བཏང་རྒྱུའི་ཐག་གཅོད་བྱས་པ་ཡིན་གསུང་གི་འདུག སློབ་བུ་ལུང་རིག་རྡོ་རྗེ་ལགས་སུ་རང་ལུས་མེར་སྲེག་གིས་ཆེད་གྲ་སྒྲིག་དང་མེར་སྲེག་བཏང་མ་ཐུབ་པའི་བརྒྱུད་རིམ་སྐོར་ལ་བཅར་དྲི་ཞུས་པར། ཁོང་གིས་སྔ་ས་ནས་རང་ལུས་མེར་སྲེག་བཏང་རྒྱུའི་འཆར་གཞི་ཡོད་པ་བཞིན་ཕྱི་ཚེས་༢༤ ཞོགས་པ་སློབ་ཕྲུག་རྣམས་སློབ་གྲའི་ལོ་འཁོར་གུང་སེང་གཏོང་རྒྱུའི་ཆེད་སྔ་དྲོའི་མཛད་སྒོར་ཕྱིན་པའི་གོ་སྐབས་དང་བསྟུན་ནས། གཞིས་གྲོང་དང་པོའི་མཉམ་འབྲེལ་གྱི་འཐུང་ཆུ་དངས་བསིལ་བཙོང་སའི་རྒྱབ་ཀྱི་ཁང་པ་སྟོང་པ་ཞིག་ཡོད་པ་དེར་ཕྱིན་ཏེ། ལུས་པོར་ས་སྣུམ་བླུག་ཡོད་པ་དང་སྐབས་དེར་གཡས་གཡོན་དུ་ལས་ཀ་བྱེད་མཁན་བུད་མེད་ཅིག་གིས་མཐོང་སྟེ་ཚུར་རྒྱུག་ཡོང་སྐབས། ཁོང་ཐད་ཀར་མཉམ་འབྲེལ་གྱི་ཚོང་ཁང་མདུན་དུ་བྲོས་ནས་རང་ལུས་མེར་སྲེག་གཏོང་རྩིས་བྱེད་སྐབས་རླུང་བུ་རྒྱབ་ནས་མེ་སྤར་མ་ཐུབ་པར་སྡད་པའི་སྐབས། རྒྱ་གར་བ་ཞིག་དང་མཉམ་འབྲེལ་ཚོང་ཁང་གི་ལས་བྱེད་པས་མཐོང་ནས་བཀག་འགོག་བྱས་རྗེས་སློབ་གྲའི་ལས་འབྲེལ་ཡོད་ལས་བྱེད་རྣམས་འབྱོར་ཡོད་པ་རེད་འདུག

ཁ་སང་སློབ་བུ་ལུང་རིག་རྡོ་རྗེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་རྩིས་བྱེད་བཞིན་པའི་སྐབས་སུ་ཐོག་མར་བཀག་འགོག་བྱེད་མཁན་རྒྱ་གར་བ་ཤི་ན་ལྦ་་ལགས་སུ། སྐབས་དེའི་མཐོང་ཐོས་བྱུང་བའི་གནས་ཚུལ་བཅར་དྲི་ཞུས་པར་ཁོང་གིས། ང་རང་མཉམ་འབྲེལ་ཚོང་ཁང་ལ་ཁ་ཚ་པོའི་ཟས་རིགས་བཙོང་སར་ཡོང་སྐབས་སློབ་ཕྲུག་ཞིག་གིས་ཚོང་ཁང་མདུན་དུ་ལུས་ལ་མེ་སྤར་བཞིན་པ་མཐོང་བྱུང་། ཁྲིས་ལ་སློེབས་དུས་ས་སྣུམ་གྱི་དྲི་མ་ཡང་མང་པོ་ཁ་གི་འདུག དེ་ནས་ངས་ལམ་སེང་ཚོང་ཁང་གི་ལས་བྱེད་ལ་སྐད་རྒྱབ་པ་ཡིན་ཕྲུ་གུ་དེ་བྲོས་འགྲོ་གི་འདུག ང་ཚོས་ཚུར་འཇུས་ནས་ཆུ་བླུག་པ་ཡིན་ཞེས་འགྲེལ་བརྗོད་གནང་སོང་། ཕྱོགས་མཚུངས་སློབ་བུ་ལུང་རིག་རྡོ་རྗེའི་སློབ་གྲའི་ཁྱིམ་ཚང་༡༧ གི་མ་མ་དབྱངས་ཅན་སྒྲོལ་དཀར་ལགས་སུ། སློབ་བུ་ལུང་རིག་རྡོ་རྗེའི་དུས་རྒྱུན་གྱི་བྱ་སྤྱོད་གང་འདྲ་ཡོད་མེད་བཅར་དྲི་ཞུས་པར་ཁོང་གིས། ནམ་རྒྱུན་དུ་ནས་བོད་དོན་ཐོག་སེམས་ཤུགས་ཆེ་བ་དང་སློབ་གྲོགས་གཞན་ལ་ཡང་དེ་བཞིན་སློབ་གསོ་རྒྱག་རྒྱག་མཁན་ཞིག་ཡིན་པའི་འགྲེལ་བརྗོད་གནང་གི་འདུག

རྒྱལ་མཚན་ཆོས་གྲགས་ཀྱིས་གནས་ཚུལ་མཁོ་གཏོང་བྱས།