སུ་ཇཱ་བོད་ཁྱིམ་སློབ་མའི་གོམ་བགྲོད་ལས་འགུལ།
ཕྱི་ཚེས་༢༧ ཉིན་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་༡༠༣ གྱིས། བོད་ནང་གི་རྒྱལ་གཅེས་རྒྱལ་གཅེས་དཔའ་བོ་དཔའ་ཚོར་གདུང་སེམས་མཉམ་བསྐྱེད་དང་། བོད་ནང་རང་དབང་ཡོང་ཆེད་བྷིར་སུ་ཇཱ་སློབ་གྲྭ་ནས་ཉིན་༢ ཀྱི་རིང་གོམ་བགྲོད་ཀྱིས་དྷ་སར་འབྱོར་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༧ ཉིན་སུ་ཇཱ་བོད་ཁྱིམ་སློབ་མའི་རང་རྟོགས་ལས་འགུལ་ཚོགས་ཆུང་གི་གོ་སྒྲིག་འོག བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོ་དང་། དེ་དག་གི་ནང་མི་སྤུན་ཟླ་ཚོར་གདུང་སེམས་མཉམ་བསྐྱེད་དང། བོད་ནང་འགྲོ་བ་མིའི་ཐོབ་ཐང་ཡོང་ཆེད། སུ་ཇཱ་སློབ་གྲྭ་ནས་འགོ་བཙུགས་ཏེ་གོམ་བགྲོད་ཀྱིས་མདང་དགོང་གྷོ་པལ་པུར་བོད་ཁྱིམ་སློབ་གྲྭར་འབྱོར་ཡོད་པ་དང་། དེ་རིང་དེ་ནས་གོམ་བགྲོད་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཡོང་སྟེ། མཆོད་འབུལ་སྨོན་ལམ་དང་དགོང་དྲོར་མར་མེའི་ཁྲོམ་སྐོར་བྱེད་ཀྱི་ཡོད་པ་རེད།
གོམ་བགྲོད་སྐབས་སློབ་མ་ཚོས་ལག་ཏུ་བོད་ཀྱི་རྒྱལ་དར་དང་། བྲང་ཁར་བོད་ནང་གི་རང་ལུས་མེར་སྲེག་གཏོང་མཁན་ཚོའི་མིང་སོགས་བྲིས་ཏེ་ཁོང་ཚོའི་མཛད་རྗེས་ལ་རྗེས་དྲན་དང་། གདུང་སེམས་མཉམ་བསྐྱེད་མཚོན་འདུག་པ་མ་ཟད། ཁ་རས་ནག་པོ་རེ་གྱོན་ཡོད་པ་དེས་བོད་ནང་ལ་སྨྲ་བརྗོད་རང་དབང་མེད་པ་མཚོན་གྱི་ཡོད་པ་རེད་འདུག སློབ་མ་ཚོ་དེ་སྔོན་རྐང་ཐང་དུ་ཐག་རིང་ལ་འགྲོ་མྱོང་མེད་པར་བརྟེན། རྒྱུད་སྟོད་དགོན་པའི་ཉེ་འགྲམ་ཇ་མུན་ཌར་སླེབས་དུས། གོམ་བགྲོད་པ་མང་ཆེ་བའི་རྐང་པར་ཆུ་བུར་བུད་དེ་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད།
སློབ་མའི་གོམ་བགྲོད་སྐབས་འདི་གའི་གསར་འགོད་པ་ཆེད་དུ་ལམ་བར་གྱི་ས་ཚིགས་ཇ་མུན་ཌར་བཅར་ཏེ། ལམ་བར་གྱི་གནས་ཚུལ་རྒྱུས་ལོན་དང་འབྲེལ་སློབ་གྲྭའི་སློབ་སྤྱི་དང་འགན་འཛིན་གཉིས་གཙོས་པའི་སློབ་ཕྲུག་ཁག་ཅིག་ལ་གོམ་བགྲོད་ལས་འགུལ་འདི་སྤེལ་དགོས་དོན་གང་ཡིན་དྲིས་པར།
སློབ་མ་སྐལ་བཟང་ཚེ་རིང་གིས་བོད་ནང་ལ་ཛ་དྲག་གི་གནས་སྟངས་འདི་འདྲ་ཆགས་ཡོང་དུས། ང་ཚོས་ག་དུས་ཡིན་ན་ཡང་ལས་འགུལ་སྤེལ་དགོས་བསམ་གྱི་འདུག ཡིན་ན་ཡང་སློབ་སྦྱོང་བྱེད་དགོས་པར་བརྟེན་དུས་ཚོད་ཏག་ཏག་ཅིག་རག་གི་མི་འདུག དེར་བརྟེན་དེ་རིང་ང་ཚོ་སློབ་མ་ཚོའི་ངོས་ནས། སློབ་གྲྭའི་གུང་གསེང་གི་དུས་ཚོད་འདི་བེད་སྤྱད་དེ་བོད་ནང་གི་རྒྱལ་གཅེས་དཔའ་མོ་དཔའ་མོ་ཚོར་གདུང་སེམས་མཉམ་བསྐྱེད་དང་། བོད་ནང་གི་སློབ་མ་ཚོས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་མུ་མཐུད་དུ་བྱེད་ཀྱི་ཡོད་པ་དེར། ང་ཚོ་བཙན་བྱོལ་དུ་ཡོད་པའི་སློབ་མ་ཚོས་ཀྱང་རྒྱབ་སྐྱོར་མཚོན་ཆེད་དུ་ཡིན་ཞེས་བརྗོད་བྱུང་།
སློབ་གྲྭའི་འགན་འཛིན་དངོས་གྲུབ་རྡོ་རྗེས། སློབ་ཕྲུག་ཚོའི་ལས་འགུལ་འདི་ཡང་དག་པ་ཞིག་རེད། ཁོང་རང་ཚོས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཞི་འཇགས་ཡོང་ཆེད། སེམས་གཏིང་ནས་ལས་འགུལ་ཞིག་སྤེལ་རྒྱུའི་ཐབས་ཤེས་མང་པོ་བྱས་པ་རེད། ང་ཚོས་དེ་ལ་རྒྱབ་སྐྱོར་གྱིས་ས་གནས་སོ་སོར་རྒྱ་གར་གཞུང་ལ་ཆོག་མཆན་ཞུས་པ་ཡིན། ཁོང་ཚོ་ན་གཞོན་ཚོའི་ངོས་ནས་འགན་ཁུར་ནས་ལས་འགུལ་སྤེལ་ཡོང་དུས་ང་ཚོས་རྒྱབ་སྐྱོར་བྱེད་དགོས་པ་གལ་ཆེན་པོ་རེད། ང་ཚོའི་མི་རབས་ཀྱི་རྒྱུན་འཛིན་མཁན་དེ་ཁོང་ཚོ་ཆགས་ཡོད་རེད། དེར་བརྟེན་ང་དང་སློབ་སྤྱི་གཉིས་ཀྱིས་སློབ་མ་ཚོས་གོམ་བགྲོད་སྐབས་རོགས་པ་བྱས་པ་ཡིན། དགེ་རྒན་གཞན་པ་ཚོས་ཡིག་ཚད་ཀྱི་བརྒྱ་ཆ་སྤྲོད་ཀྱི་ཡོད་རེད། སློབ་མ་ཚོར་སེམས་ཤུགས་ཡག་པོ་འདུག ང་རང་ཁོང་ཚོའི་མཉམ་གོམ་བགྲོད་བྱེད་རྒྱུ་བྱུང་བར་དགའ་སྣང་ཆེན་པོ་བྱུང་ཞེས་བརྗོད་བྱུང་།
སློབ་མ་པདྨ་སྒྲོལ་དཀར་གྱིས་ང་ཚོས་ནམ་རྒྱུན་སློབ་གྲྭ་ནས་བོད་དོན་ཆེད་ལས་ཀ་གང་ཡང་བྱེད་ཐུབ་ཀྱི་མི་འདུག དེར་བརྟེན་སློབ་གྲྭའི་གུང་གསེང་གི་དུས་ཚོད་འདིར་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་གདུང་སེམས་མཉམ་བསྐྱེད་ཆེད་གོམ་བགྲོད་ལ་མཉམ་ཞུགས་བྱས་པ་ཡིན་ཞེས་བརྗོད་བྱུང་།
སློབ་མ་དཀོན་མཆོག་རིན་ཆེན་གྱིས་ང་ཚོས་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་གདུང་སེམས་མཉམ་བསྐྱེད་དང་། བོད་ནང་གི་སློབ་མ་ཚོས་སོ་སོའི་སྐད་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཆེད། རྒྱ་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་དེར་ང་ཚོའི་ངོས་ནས་རྒྱབ་སྐྱོར་མཚོན་ཆེད་དུ་ཡིན་ཞེས་བརྗོད་བྱུང་།
བོད་དོན་ཆེད་གོམ་བགྲོད་ཀྱིས་བལ་ཡུལ་བར་དུ་འགྲོ་མྱོང་ཡོད་མཁན་ལྷ་མོ་སྐྱིད་ཀྱིས་དངོས་གནས་བྱས་ན་ང་ད་ལྟ་དྷ་སྟེང་བོད་ཁྱིམ་དུ་ཡོད། ཡིན་ན་ཡང་ང་རང་གི་གྲོགས་མོ་ཞིག་བརྒྱུད་ནས་ལས་འགུལ་འདི་སྤེལ་གྱི་ཡོད་པ་གོ་སོང་། དེར་བརྟེན་ང་རང་གི་ངོས་ནས་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་བཀའ་དྲིན་རྗེས་དྲན་དང་། གདུང་སེམས་མཉམ་བསྐྱེད་མཚོན་ཆེད་གོམ་བགྲོད་འདིར་མཉམ་ཞུགས་བྱས་པ་ཡིན་ཞེས་བརྗོད་བྱུང་།
དགེ་འདུན་མཚོས་ལས་འགུལ་འདིའི་ནང་ཞུགས་པའི་དམིགས་ཡུལ་གཙོ་བོ། བོད་ནང་གི་མི་མང་པོ་ཞིག་གིས་ཚེ་སྲོག་བོད་དོན་ཆེད་ཕུལ་བ་དང་། ང་ཚོའི་སྤུན་ཟླ་མང་པོ་ཞིག་གིས་བཙོན་འོག་ཏུ་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། བོད་ནང་གི་བོད་རིགས་སྤུན་ཟླ་ཚོ་དང་ང་ཚོ་སྐྱིད་སྡུག་གཅིག་པ་ཡིན་པའི་དྲན་སྐུལ་ཆེད་དུ་ཡིན་ཞེས་བརྗོད་བྱུང་།
སློབ་སྤྱི་བསོད་ནམས་སྲིད་ཆོས་ཀྱིས། ལས་འགུལ་འདི་སློབ་མ་རང་གི་དང་བླང་ལས་འགུལ་ཞིག་རེད། དེ་གཙོ་བོ་འཛིན་གྲྭ་བཅུ་པས་འགན་ཁུར་ནས་མཉམ་ཞུགས་བྱེད་མཁན་བུ་མོ་དྲུག་བཅུ་དང་། བུ་བཞི་བཅུ་ཞེ་གསུམ་བཅས་ཁྱོན་བརྒྱ་དང་གསུམ་མཉམ་ཞུགས་བྱས་ཡོད་རེད། ངེད་གཉིས་ཡོང་དོན་གཙོ་བོ་ ལམ་བར་ནས་ག་རེ་ཡིན་ན་ཡང་ཡོང་སྲིད་པ་རེད། དེ་བཞིན་ལྟ་རྟོག་དང་རྒྱབ་སྐྱོར་གྱི་རྣམ་པ་ཙམ་ཡིན། ལམ་དུ་ས་གནས་གཞུང་ལ་བཀའ་ཁྲོལ་ཞུ་དགོས་པ་དང་། མཐུན་རྐྱེན་གཞན་སྦྱར་དགོས་པ་མང་པོ་ཡོད་རེད། ལས་འགུལ་གལ་ཆེན་པོ་ཞིག་ཡིན་དུས་གདུང་སེམས་མཉམ་སྐྱེད་གཙོ་བོ་བྱས་ནས་ཡོང་བ་ཡིན། ཁར་སྔོན་དབྱར་ཁའི་གུང་གསེང་སྐབས་ལས་འགུལ་སྤེལ་བ་དེ་འདྲ་བྱུང་ཡོད་པ་རེད། དེ་དང་མཉམ་དུ་ང་ཚོས་ལོ་འཁོར་མར་གདུང་སེམས་མཉམ་སྐྱེད་མཚོན་བྱེད་དུ། ཤེས་ཡོན་དང་འབྲེལ་བའི་ལས་འགུལ་མི་འདྲ་བ་མང་པོ་སྤེལ་ཡོད་ཡོད་ཅེས་བརྗོད་བྱུང་།
སློབ་ཕྲུག་བསོད་ནམས་དགའ་བས། ང་ཚོ་གོམ་བགྲོད་ལ་ཡོང་དགོས་དོན་དམིགས་ཡུལ་དོན་ཚན་གསུམ་གྱི་སྒོ་ནས་ཡོང་གི་ཡོད་རེད། བོད་ནང་ལ་སྐད་ཡིག་གི་བདག་དབང་དགོས་ཞེས་སློབ་མ་མང་པོས་ཡར་ལངས་བྱས་ཡོད་པ་རེད། ང་ཚོ་འདི་ནས་མཉམ་དུ་ཡོད་ཟེར་ནས་གདུང་སེམས་མཉམ་སྐྱེད་མཚོན་བྱེད་དང་། གཉིས་པ་བཙན་བྱོལ་ལ་ཡོད་པའི་ཚོགས་པ་སྒྲིག་འཛུགས་སློབ་གྲྭ་ཚང་མ་ལ་ལས་འགུལ་སྤེལ་དགོས་འདུག་ཟེར་ནས་སྐུལ་མ་གཏོང་བྱེད་དང་། གསུམ་པ་ང་ཚོས་ཁ་རས་ནག་པོ་བརྒྱབ་ནས་ང་ཚོས་བོད་ནང་གི་གླུ་བ་གླུ་མ་མང་པོ་འཛིན་བཟུང་བཙོན་འཇུག་བྱེད་བཞིན་པ་བཅས་སྨྲ་བརྗོད་རང་དབང་མེད་པ་མཚོན་བྱེད་དུ་ཡིན་ཞེས་བརྗོད་བྱུང་།
ལྷ་མོ་མཚོས་ང་ཚོ་སློབ་ཕྲུག་ཡིན་པས་དམིགས་བསལ་གང་ཡང་བྱེད་ཐུབ་ཀྱི་མི་འདུག བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་བོད་བསྟན་སྲིད་མི་རིགས་བཅས་ཀྱི་ཆེད། སྐུ་སྲོག་བློས་བཏང་བར་གདུང་སེམས་མཉམ་སྐྱེད་མཚོན་བྱེད་དུ་ང་ཚོ་ལས་འགུལ་འདིའི་ནང་མཉམ་ཞུགས་བྱས་པ་ཡིན་ཞེས་བརྗོད་བྱུང་།
སློབ་མ་ཚོས་གོམ་བགྲོད་སྐབས་དགོས་དོན་ཁག་གསུམ་བཏོན་ཡོད་པ་ནི། ༡ ད་ལྟའི་བར་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་བརྒྱ་ཙམ་གྱིས་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་ལུས་མེ་སྲེག་བྱེད་མཁན་ཚོར་གདུང་སེམས་མཉམ་བསྐྱེད་དང་།
རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ལ་རང་ལུས་མེར་སྲེག་གི་ཁ་གྲངས་དང་མཉམ་པའི་གྲུབ་འབྲས་ཐོན་དགོས་པའི་འབོད་སྐུལ་ཞུ་རྒྱུ།
༢ བོད་ནང་གི་སློབ་མ་རྣམས་ཀྱིས་སྒེར་གཅོད་སྲིད་གཞུང་འོག་ནས་བདེན་པའི་དར་ཆ་མཐོ་རུ་བསྒྲེངས་ཏེ་སྐད་ཡིག་དང་། མི་རིགས་བདག་དབང་གི་ཕྱིར་རེ་བའི་འབོད་སྒྲ་ཤུགས་ཀྱིས་མཆེད་པས་ན། ང་ཚོ་བཙན་བྱོལ་དུ་ཡོད་པའི་སློབ་མ་ཚོས་ཀྱང་ཁོང་ཚོའི་སྙིང་སྟོབས་དང་མི་རིགས་ལ་བཅིངས་པའི་རྒྱལ་ཞེན་ལ་རྗེས་སུ་ཡི་རངས་དང་བོད་ཕྱི་ནང་གཉིས་ཀྱི་སློབ་མའི་སྐྱིད་སྡུག་མཉམ་མྱོང་མཚོན་ཆེད།
༣ འདི་ལྟར་བོད་ནང་དུ་གཞིས་ལུས་མི་མང་གིས་སྒེར་གཅོད་དྲག་པོའི་འོག་ནས་མི་རིགས་དང་སྐད་ཡིག་བདག་དབང་གི་ཕྱིར། བདེན་པའི་དར་ཆ་མཐོ་རུ་བསྒྲེངས་ཤིང་རེ་བའི་འབོད་སྒྲ་ཤུགས་ཀྱིས་མཆེད་ཡོང་དུས། བཙན་བྱོལ་བོད་མི་ཚོས་བོད་ཡིག་ལབ་ན་མགོ་ན་ཞིང་རྒྱལ་ཟེར་དུས་མར་མེ་ཁྲོམ་སྐོར་ཙམ་དུ་བརྩི་བའི་མི་བུ་རྣམས་ལ་ད་ནི་རྨོངས་གཉིད་ལས་སད་དགོས་པའི་གད་རྒྱངས་བྱེད་པའོ་ཞེས་པ་དེ་རེད།