སྦེལ་ཀོབ་བོད་མིའི་གདུང་སེམས་མཉམ་བསྐྱེད།

ཟླ་འདིའི་ཚེས་ ༡༣ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ པའི་ཐོག་རྒྱ་གར་ལྷོ་ཕྱོགས་ཀརྣ་ཊ་ཀའི་མངའ་སྡེ། མེ་སོར་རྫོང་། སྤེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་ས་གནས་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག

ཚེས་ ༡༢ བོད་ནང་དུ་བོད་རིགས་ན་གཞོན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་རྒྱ་ནག་གཞུང་ལ་རང་ལུས་མེར་སྲེག་གིས་ཞི་བའི་ངོ་རྒོལ་བྱས་རྗེས་འདས་གྲོངས་སུ་སོང་བའི་གནས་ཚུལ་བྱུང་བར་གདུང་སེམས་མཉམ་བསྐྱེད་ཆེད་བསྔོ་སྨོན་ཞིག་འཚོགས་ཡོད་པ་རེད།

ཚོགས་འདུ་དེར་ས་གནས་བདེ་སྐྱིད་སླར་གསོ་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་བྱམས་པ་ཕུན་ཚོགས་ཀྱིས་གཙོས་པའི་མཉམ་འཛོམས་བྱུང་བའི་མི་མང་གིས་བཟང་སྤྱོད་སྨོན་དང་། མ་ཎི་སོགས་བསྔོ་བ་སྨོན་ལམ་ཆུ་ཚོད་གཅིག་ལྷག་གི་རིང་བཏོན་ཡོད་པ་དང་། མཐར་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་བཏང་བ་དང་། འདས་སོང་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་བཀྲིན་རྗེས་དྲན་མཚོན་ཆེན་ངག་བཅད་མྱ་ངན་གུས་འདུད་ཞུས་ཤིང་། བདེན་ཚིག་སྨོན་ལམ་གྱེར་འདོན་བྱས།

ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མས་ཚེས་ ༡༢ ཉིན་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་བཀྲ་ཤིས་ཚེ་རིང་གི་གནས་ཚུལ་ངོ་སྤྲོད་དང་འབྲེལ། ད་ལྟའི་བོད་ནང་གི་གནས་སྟངས་མི་མང་ངོ་སྤྲོད་བྱས་སོང་། མཐར་བྱང་ཆུབ་སེམས་མཆོག་མ་འདོན་ཞོར་སྨོན་ལམ་མཇུག་བསྡུས་སོང་། །

མེ་སོར་གསར་འགོད་པས།