དགའ་ལྡན་དུ་འཇང་དགུན་ཆོས་ཆེན་མོ་མཇུག་བསྡོམས།

junguncho_gaden1_2013_1_16རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་དགའ་ལྡན་དུ་དུས་ཡུན་ཟླ་གཅིག་རིང་འཚོགས་པའི་འཇང་དགུན་ཆོས་ཆེན་མོ་དེ། ཟླ་འདིའི་ཚེས་༡༦ ཉིན་གྱི་དགུང་དྲོའི་ཆུ་ཚོད་༧་༣༠ ཕྱེད་ཐོག་མཇུག་བསྡོམས་མཛད་སྒོ་དང་སྟབས་བསྟུན། བསྔོ་སྨོན་གྱི་མཛད་སྒོ་ཞིག་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་འཚོགས་ཡོད་པ་རེད།

སྐབས་དེར་ཐེངས་འདིའི་རི་བོ་དགེ་ལྡན་པའི་འཇང་དགུན་ཆོས་ཆེན་མོའི་སྤྱི་ཡོངས་ཀྱི་གནས་སྟངས་གང་འདྲ་བྱུང་ཡོད་མེད་སྐོར་ལ་དགའ་བྱང་དགེ་སྐོས་དགེ་འདུན་ཆོས་འཕེལ་ལ་བཅར་འདྲི་ཞུས་པར་ཁོང་གིས་འགྲེལ་བརྗོད་གནང་དོན། “ད་ལྟ་བར་དུ་ཟླ་བ་གཅིག་ཏག་ཏག་རིང་འཚོགས་ཡོད་པ་རེད།  གྲྭ་བ་སྤྱི་ཡོངས་ནས་ཞོགས་པ་རྩོད་པ་འཚོགས་ནས།  ཕྱི་དྲོ་དམ་བཅའ་འཚོགས་དགོས་པ་རེད།   དེའི་རྗེས་སུ་ཆོས་རྭ་འཚོགས་སྟངས་གང་ཅིའི་ཕྱོགས་ནས་ཆོས་ཁྲིམས་དང་སྒྲིག་ལམ་ཁུར་སྟངས་སོགས་ཧ་ལས་པའི་ཡག་པོ་བྱུང་སོང་དྲན་ཡོད།   དེ་བཞིན་ཁྲིམས་སྒྲིག་སོགས་ཀྱི་འགོ་ལ་ལྟ་མཁན་ཚོའི་ངོས་ནས་ཀྱང་འཐུས་ཤོར་གཅིག་ཀྱང་མ་སོང་བའི་སྒོ་ནས་ཕྱག་ལས་ཡག་པོ་གནང་སོང་”ཞེས་འགྲེལ་བརྗོད་གནང་སོང་།

junguncho_gaden1_2013_1_16

དེ་བཞིན་ཐེངས་འདིའི་འཇང་དགུན་ཆོས་ཆེན་མོར་ཕེབས་མཁན་ག་ཚོད་ཡོད་མེད་དང་ཆོས་བརྒྱུད་གཞན་དག་ནས་ཕེབས་མཁན་དེ་འདྲ་བྱུང་ཡོད་མེད་སྐོར་ལ་དྲིས་པར།   ཁོང་གིས། “འདི་ལོར་འཇང་དགུན་ཆོས་ལ་ཕེབས་མཁན་རི་བོ་དགེ་ལྡན་པའི་གདན་ས་ཆེན་པོ་སེར་འབྲས་དགའ་གསུམ་དང་།   གཞན་ཡང་ཕྱོགས་མཐའ་ཁག་ནས་ཆེད་དུ་ཕེབས་མཁན་རྭ་སྟོད་གྲྭ་ཚང་དང་།  བཀྲིས་ལྷུན་པོ།   རྣམ་རྒྱལ་གྲྭ་ཚང་།   རྒྱུད་གྲྭ་སྟོད་སྨད།  རྫོང་དཀར་ཆོས་སྡེ།  མཚན་ཉིད་གྲྭ་ཚང་སོགས་ནས་འཇང་དགུན་ཆོས་ཆེན་མོར་ཕེབས་མཁན་གྲྭ་བ་སུམ་སྟོང་ལྷག་ཆེད་གཉེར་གྱི་ཕེབས་ཡོད་པ་རེད་མ་གཏོགས། ཆོས་བརྒྱུད་གཞན་པ་ཚོ་ནས་ཕེབས་མཁན་དེ་འདྲ་ཡོད་མེད་ཧ་གོ་མ་སོང་”ཞེས་འགྲེལ་བརྗོད་གནང་སོང་།

གྲྭ་པ་ཚོའི་ངོས་ནས་ལོ་སྔོན་མ་རྣམས་དང་བསྡུར་བ་ཡིན་ན་སྒྲིག་ལམ་ཀུན་སྤྱོད་ཁུར་སྟངས་དང་རྩོད་པ་རྩོད་སྟངས་སོགས་ཕྱོགས་ཡོངས་ནས་ཡར་རྒྱུས་ཀྱི་རྣམ་གང་འདྲ་འདྲ་ཡོད་མེད་སྐོར་དྲིས་པར། “སྤྱོད་ལམ་དང་ཁྲིམས་སྒྲིག་སོགས་ཁུར་སྟངས་དང་ལས་ཀྱི་སྣེ་མོ་བ་ཚོར་བརྩི་བཀུར་བྱེད་སྟངས་སོགས་ངོ་མ་ཧ་ལས་པ་ཡག་པོ་རེད།  ང་རང་ལ་མཚོན་ན་སྔོན་མ་ཉམས་ཞུགས་བྱས་བསྡད་པ་མ་གཏོགས།   འདི་འདྲའི་ཉམས་མྱོང་འདྲ་བོ་གང་ཡང་མེད།  ཡིན་ན་ཡང་གྲྭ་པ་མང་པོ་འདི་འདྲ་ཞིག་མཉམ་དུ་འཚོགས་ཡོད་པ་རེད། དེ་ཕྱོགས་ཡོངས་ནས་སྒྲིག་ལམ་ཀུན་སྤྱོད་ཁུར་སྟངས་སོགས་ཧ་ལས་པ་མཐོང་སོང་”ཞེས་འགྲེལ་བརྗོད་གནང་སོང་།

junguncho_gaden_2013_1_16ཡང་ཁོང་གིས་མུས་མཐུད་ནས་འགྲེལ་བརྗོད་གནང་དོན།    “དེ་རིང་ཉིན་ཐ་མ་དེ་ཆགས་ཀྱི་ཡོད་པ་རེད།   དགེ་བསྐོས་གཉིས་ཀྱི་ངོས་ནས་འབོད་སྐུལ་ཞུས་པ་ཡིན།   ང་ཚོས་ཟླ་བ་གཅིག་རིང་དགེ་རྩ་གང་མང་ཞིག་བསགས་ཡོད་རེད། དེའི་དགེ་བའི་མཐུ་ལ་བརྟེན་ནས་༧གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེག་མེད་ལྷུན་གྱིས་འགྲུབ་ཆེད་དང་།  གཞན་ཡང་བོད་ཀྱི་ཆོས་དང་རིག་གཞུང་།  སྐད་ཡིག་བདག་སྲུང་དང་མི་རིགས་རང་དབང་།    དེ་བཞིན་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཆེད་དང་གཞིས་བྱེས་མཉམ་འཛོམས་བཅས་ཀྱི་ཆེད་དུ་བོད་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་བརྒྱ་མ་ཟིན་ཙམ་གྱིས་སྐུ་ལུས་མེར་སྲེག་གིས་རང་སྲོག་བློས་གཏོང་གནང་ཡོད་པ་དེ་དག་ཚང་མའི་ཆེད་དགེ་རྩ་བསྔོ་སྨོན་གནང་རོགས་ཞེས་འབོད་སྐུལ་ཞུས་དོན་བཞིན་ད་ལྟ་འདིར་གང་མང་ཕེབས་འདུག་”ཅེས་འགྲེལ་བརྗོད་གནང་སོང་།

འཇང་དགུན་ཆོས་ཆེན་མོའི་ཉིན་མཐའ་མ་སྟེ་ཚེས་༡༦ ཉིན་གྱི་དགུང་དྲོའི་ཚོགས་ཐེངས་མཐའ་མའི་ཆོས་རྭ་གྲོལ་མཚམས་སུ་དགེ་འདུན་པ་ཡོངས་ཀྱིས་རྒྱལ་བའི་ཞབས་བརྟན་གསོལ་འདེབས་དང་ཚད་མེད་ཡོན་ཏན།   དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་སྐྱེས་པའི་སྨོན་ལམ་བྱམས་པའི་ཀུན་གཟིགས།  དེ་ནས་བསྟན་པ་རྒྱས་པའི་སྨོན་ལམ་བཅས་གསུངས་གྲུབ་པ་དང་ཐེངས་འདིའི་རི་བོ་དགེ་ལྡན་པའི་འཇང་དགུན་ཆོས་ཆེན་མོ་བཀྲིས་ལོ་ལེགས་ངང་མཇུག་ཡོངས་སུ་གྲོལ་ཡོད་པ་རེད།  །                                                     མོན་གྷོ་གསར་འགོད་པས།