དོན་གྲུབ་དབང་ཆེན་བཙོན་ཁང་གཞན་ཞིག་ཏུ་གནས་སྤོ།

2013_1_23_1

རྒྱ་གཞུང་གིས་རྒྱུ་མཚན་སོགས་གང་ཡང་གསལ་བཤད་མེད་པར་དོན་གྲུབ་དབང་ཆེན་དེ་སྔོན་ཡོད་སའི་བཙོན་ཁང་ནས་ཕུད་དེ། ད་སྐབས་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་ཡོད་པའི་བུད་མེད་བཙོན་ཁང་ཞིག་ཏུ་གནས་སྤོས་བྱས་ཡོད་པ་རེད་འདུག

དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༥ ཉིན་དོན་གྲུབ་དབང་ཆེན་གྱི་ཉེ་འབྲེལ་ཁག་ཅིག་ཁོང་ལ་ཐུག་འཕྲད་དུ་འགྲོ་སྐབས། ཁོང་དེ་སྔོན་ཡོད་སའི་ཟི་ལིང་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ནས། ཁུལ་དེར་ཡོད་པའི་བུད་མེད་བཙོན་ཁང་ཞིག་གི་ནང་རྒྱ་གཞུང་གིས་གནས་སྤོས་བྱས་བཅུག་ཡོད་པ་རེད་འདུག་ལ།

2013_1_23_1སྐབས་དེར་དོན་གྲུབ་དབང་ཆེན་ལགས་ཀྱིས། ཉེ་འབྲེལ་ཚོར་ཁོང་སྔོན་མ་ཡོད་སའི་བཙོན་ཁང་ནང་ ཁོང་གཅིག་པོ་ཁང་མིག་གཅིག་གི་ནང་བཀག་ཉར་དོ་དམ་བྱས་ནས་དཀའ་ངལ་མང་པོ་འཕྲད་ཡོད་སྐོར་འགྲེལ་བརྗོད་བྱས་འདུག  རྒྱ་ནག་གཞུང་གིས་དེང་སྐབས་དོན་གྲུབ་དབང་ཆེན་བོད་རིགས་ཆབ་སྲིད་བཙོན་པ་སུ་གང་ཡང་མེད་སའི་བུད་མེད་ཀྱི་བཙོན་ཁང་ཞིག་ཏུ། གནས་སྤོས་བྱས་ཡོད་པའི་རྒྱུ་མཚན་གང་ཡིན་ཁོང་གི་ནང་མི་ཚོར་འགྲེལ་བརྗོད་བྱས་མེད་ན་ཡང་། གནས་ཚུལ་འགྲེལ་བརྗོད་པས་བརྒྱུད་ལམ་ཁག་ཏུ་བརྗོད་པ་ལྟར་ན། རྒྱ་གཞུང་གིས་ད་ཐེངས་ཁོང་བུད་མེད་བཙོན་ཁང་ཞིག་ཏུ་གནས་སྤོས་བྱས་དགོས་དོན་ནི། དོན་གྲུབ་དབང་ཆེན་ཁོ་རང་གི་གྲོགས་པོ་ཚོ་དང་འབྲེལ་བ་མི་ཡོང་ཐབས་དང་། དེ་བཞིན་བུད་མེད་བཙོན་ཁང་དེའི་ནང་བོད་རིགས་གཅིག་ཀྱང་མེད་པས། སོ་སོའི་སྐད་ཡིག་གི་ཁོར་ཡུག་མེད་པ་བཟོ་སོགས་ཀྱི་ཐབས་ཤེས་ཤིག་འཐེན་ཏེ། ཕྱོགས་ཡོང་ནས་དམ་དྲག་ཤུགས་ཆེ་རུ་གཏོང་བའི་སྲིད་ཇུས་ཤིག་ཡིན་ཚུལ་བརྗོད་འདུག

དོན་གྲུབ་དབང་ཆེན་གྱིས་༢༠༠༨ ལོའི་པེ་ཅིང་ཨོ་ལིམ་པིཀ་རྩེད་འགྲན་སྐབས། བོད་ནང་གི་བོད་མི་རྒན་གཞོན་བར་གསུམ་དང་། སྐྱ་སེར་ཕོ་མོ་མང་པོ་ཞིག་ལ་བོད་ནང་གི་དངོས་ཡོད་གནས་སྟངས་བཅར་འདྲི་བྱས་ཏེ། དངོས་བྱུང་གློག་བརྙན་འཇིགས་བྲལ་ཞེས་པ་ཞིག་བཟོས་ཏེ་བོད་ཀྱི་ཕྱི་ཕྱོགས་སུ་འགྲེམས་སྤེལ་བྱས་ཐུབ་ཡོད་ན་ཡང་། གནས་ཚུལ་དེའི་རྐྱེན་པས་ལོ་དེའི་ཕྱི་ཟླ་༣ ཚེས་༢༦ ཉིན་རྒྱ་གཞུང་གིས་ཁོང་དང་། ཁོང་གི་རོགས་པ་མགོ་ལོག་འཇིགས་མེད་གཉིས་འཛིན་བཟུང་གིས། དོན་གྲུབ་དབང་ཆེན་ལ་ལོ་༦ གི་ཁྲིམས་ཐག་བཅད་ཡོད་པ་དང། མགོ་ལོག་འཇིགས་མེད་ཀྱི་གནས་སྟངས་ད་ལྟའི་ཆར་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།