ཁམས་ནང་ཆེན་རྫོང་ཁོངས་སུ་ས་ཆའི་བདག་དབང་ཆེད་ངོ་རྒོལ།

ngangchen_13

ནང་ཆེན་རྫོང་དུ་ས་ཞིང་དང་རྩྭ་སར་རྒྱ་གཞུང་གིས་རིན་དངུལ་ཕྲན་བུ་རེ་བྱིན་ནས་གཞུང་བཞེས་བྱེད་རྩིས་བྱས་པས། ས་གནས་ཡུལ་མིས་ས་ཆའི་བདག་དབང་ཆེད་ངོ་རྒོལ་བྱས་པར་བརྟེན། བོད་མི་དགའ་ཆོས་ཟེར་བ་འཛིན་བཟུང་བྱས་འདུག

  ngangchen_13ཤར་ལུང་རྡོ་རྗེས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། བོད་ཀྱི་ས་ཁུལ་མང་པོའི་ནང་ས་ཞིང་དང་རྩྭ་སར་རྒྱ་གཞུང་གིས་རིན་དངུལ་ཕྲན་བུ་རེ་ བྱིན་ནས་གཞུང་བཞེས་བྱེད་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེ་༡༩ ཉིན་རྒྱ་གཞུང་གི་ཆེད་མངགས་མི་སྣས་ཁམས་ཡུལ་ཤུལ་ཁུལ།ནང་ཆེན་ལྕི་ཉིན་སྲིབ་ཤོག་གི་ཡུལ་མི་ཚོ་ལ་ཡང་“རྩྭ་ས་སྐྱོབ་རིན་”ཞེས་པའི་ལག་དངུལ་ཕྲན་བུ་རེ་སྤྲད་ནས་རྩྭ་ས་གཞུང་བཞེས་བྱེད་རྩིས་བྱས་པར།  ལ་གོང་གྲོང་བརྒྱད་ཀྱི་ཡུལ་མི་ཚོས་“རྩྭ་སའི་རིན་པ་མི་བཟའ་”ཟེར་བའི་དམ་འཇོག་བྱས་ཡོད་པ་རེདད།

 

སྐབས་དེར་ལ་གོང་མཁར་ཧོ་ཆེའི་གྲོང་ནས་ཡིན་པ་ཕ་མིང་ཚེ་དབང་ལྷ་རྒྱལ་དང་། མ་མིང་བདེ་སྐྱིད་གཉིས་ཀྱི་བུ་དགའ་ཆོས་རང་ལོ་ ༣༥ ཙམ་ཟིན་པ་ཞིག་འཛིན་བཟུང་བཙན་ཁྲིད་བྱས་ཤིང་།  དེར་ཅུའུ་ཀྲང་བསམ་གཏན་ཞེས་པས་“མི་ངན་ཁོ་ཚོ་ལ་མ་ལས་ན། ང་ཕ་རོ་ཟོས་རྟགས་ཡིན་”ཟེར་ནས་རྫིག་རྫིག་བྱས་འདུག་པར། ཡུལ་མི་ཚོས་ཁོང་ཁྲོ་ལྷག་ཏུ་བྱེད་ཀྱི་ཡོད་ཚོད་འདུག  དེ་རིང་ཕྱི་ཚེས་ ༢༣ ཉིན་གྱི་ཞོགས་པ་ནས་ལ་གོང་གྲོང་བརྒྱད་ཀྱི་དུད་མི་རེ་རེ་བཞིན་ནང་ཆེན་རྫོང་སྤྱི་བདེ་ལས་ཁུངས་ཀྱི་སྒོ་ཁར་འཛོམས་ནས། དགའ་ཆོས་གློད་གྲོལ་དགོས་པ་དང་རྩྭ་ས་སྒེར་བདག་དགོས་པའི་ངོ་རྒོལ་སྐད་འབོད་བྱེད་བཞིན་ཡོད་འདུག་ལ།  ད་ལྟ་ཞིབ་ཕྲ་གནས་ཚུལ་རྒྱུས་ལོན་བྱེད་ཐུབ་ཀྱིན་མི་འདུག