བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྣེ་ཁྲིད་པར་སྤོབས་པ་བྱེད་ཀྱི་འདུག

thar_2013_1_30བཀའ་སྤྱི་གཉིས་ཀྱིས་སྣེ་ཁྲིད་པའི་བོད་དོན་ལས་འགུལ་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་སྤེལ་ནས་དེ་རིང་ཉིན་གསུམ་པ་རེད་ལ། ཉིན་བཞིའི་རྒྱ་གར་གྱི་དཔོན་རིགས་གཙོས་རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་ཡོང་བར་འབོད་སྐུལ་དང་། རྔམ་སྟོན་ཁྲོམ་སྐོར། བོད་དོན་དང་འབྲེལ་བའི་གཏམ་བཤད་སོགས་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་པ་རེད།

ལས་འགུལ་ནང་སྲིད་སྐྱོང་བློ་བཟང་སེང་གེ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་། སྤྱི་འཐུས་རྣམ་པ་དང་། བཀའ་བློན་རྣམ་པ། ས་གནས་ཁག་ནས་ཡོང་བའི་མི་བཅས་བཞི་སྟོང་ལྷག་མཉམ་ཞུགས་བྱས་ཡོད་པ་རེད།

དེ་བཞིན་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་དཔོན་རིགས་ཁག་ཅིག་གིས་གཏམ་བཤད་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་བ་༡༠༠༠ ཙམ་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་པ་རེད།

ཟླ་འདིའི་ཚེས་༣༠ ཉིན་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་ཁག་ཅིག་བཅར་འདྲི་བྱས་པར། ཚང་མས་གོ་སྒྲིག་ཡག་པོ་ཡོད་པར་ངོས་འཛིན་བྱེད་ཀྱི་འདུག་ལ། བཀའ་སྤྱི་གཉིས་ཀྱིས་མཛད་གཙོ་རྣམ་པ་ཐང་ལ་ཕེབས་ཏེ་ལས་འགུལ་འདི་འདྲར་སྣེ་ཁྲིད་པར་སྤོབས་པ་བྱེད་ཀྱི་འདུག

1_tsewang_dorjeeརྒྱ་གར་རྡེ་ར་དུན་ས་གནས་ཀྱི་གཞིས་ཆགས་གསར་པ་ནས་ཡོང་བའི་ཚེ་དབང་རྡོ་རྗེས་ལས་འགུལ་གོ་སྒྲིག་སྐོར་ལ་གསུངས་དོན། ང་ཚོའི་གཞིས་ཆགས་ནས་མི་བཅུ་ཙམ་སླེབས་ཡོད། འདིར་ལས་འགུལ་རིང་གི་ཉལ་ས་དང་སྡོད་ས་དེ་གོ་སྒྲིག་བྱེད་སྟངས་དེ་སྔོན་མ་ལས་བརྡབ་ལས་ཡག་པོ་འདུག མི་མང་པོ་སླེབས་འདུག གཞན་ང་ཡོན་ཏན་མེད་པས་ཞེ་དྲག་ཤོད་ཤེས་ཀྱི་མི་འདུག་ཅེས་གསུངས་སོང་།

2_karma_norbuའབྲུག་ཡུལ་འཇིག་མེད་ན་གཞིས་ཆགས་ནས་ཡིན་པ་ཀརྨ་ནོར་བུ་ལགས་ཀྱི་གསུང་དོན། ང་ཚོ་འབྲུག་ནས་ཡོང་བ་མི་དྲུག་ཡོད། དེ་རིང་བཀའ་སྤྱི་གཉིས་ཀྱི་ལས་འགུལ་སྤེལ་བ་ཡིན་པས། གོ་སྒྲིག་བྱེད་སྟངས་དེ་སྔོན་མ་ལས་ཡག་པོ་འདུག དེ་རིང་གི་ལས་འགུལ་ལས་འགུལ་ཚགས་ཚུད་པོ་ཡག་པོ་ཡོང་ས་རེད་བསམ་གྱི་འདུག་ཅེས་གསུངས་སོང།

 

3_1sonam_paldonརྒྱ་གར་ཨོ་རི་ས་གཞིས་ཆགས་ནས་ཡིན་པ་བསོད་ནམས་དཔལ་སྒྲོན་གྱིས་གསུངས་དོན། ང་ཚོའི་གཞིས་ཆགས་ནས་ ལས་འགུལ་ནང་མཉམ་ཞུགས་བྱེད་མི་ལྔ་བཅུ་ཙམ་ཡོད་རེད། དེ་རིང་འདིར་གོ་སྒྲིག་ཡག་པོ་གནང་འདུག་ དེ་བཞིན་མི་མང་པོ་འཛོམས་འདུག དེ་རིང་རྒྱ་གར་གྱི་སྲིད་དོན་ཚོགས་པའི་འགོ་ཁྲིད་མང་པོ་ཞིག་སླེབས་ནས་བོད་ལ་རྒྱབ་སྐྱོར་ཡོད་པའི་སྐོར་གྱི་གསུང་བཤད་གནང་སོང་། མ་ཟད་དེ་རིང་བཀའ་སྤྱི་གཉིས་ཀྱི་གོ་སྒྲིག་འོག་མི་མང་པོ་འཛོམས་པ་ཐེངས་དང་པོ་རེད། བོད་ལ་མི་མང་པོ་དེ་འདྲ་ལ་དཀའ་ངལ་འཕྲད་དུས། ང་ཚོ་ཚང་མས་གདུང་སེམས་མཉམ་སྐྱེད་ཆེད་དུ་སེམས་ཤུགས་བསྐྱེད་ནས་འདིར་ཡོང་བ་རེད། ང་ཚོས་འདི་འདྲ་ཙམ་མ་གཏོགས་གང་ཡང་བྱེད་ཐུབ་ཀྱི་མེད་པ་རེད། མི་ཚང་མ་ལ་སེམས་ཤུགས་ཡག་པོ་འདུག་པས་ལས་འགུལ་འདི་ཡག་པོ་ཆགས་པའི་རེ་བ་ཡོད་ཅེས་གསུངས་སོང་།

4_ngedon_sangpo

རྒྱ་གར་ཧི་མ་ཅལ་བཀྲ་ཤིས་ལྗོངས་གཞིས་ཆགས་ནས་ཡིན་པའི་ངེས་དོན་ཆོས་འབྱོར་གྱིས་གསུངས་དོན། “ང་ཚོའི་གཞིས་ཆགས་ནས་མི་བཅུ་བཞི་ཡོད། ང་ལས་འགུལ་འདི་འདྲ་སྤེལ་སར་མང་པོ་ཡོང་མྱོང་ཡོད། ཡིན་ན་ཡང་དེ་རིང་གི་ལས་འགུལ་སྤེལ་སྟངས་དེ་དམིགས་བསལ་ཡོད་པའི་ཚོར་སྣང་བྱུང་། བཀའ་སྤྱི་གཉིས་ཀྱི་ལས་འགུལ་སྤེལ་བ་དང་པོ་ཡིན་པས་གོ་སྒྲིག་སོགས་གང་ཅིའི་ཐད་ཚགས་ཚུད་པོ་འདུག  འདི་མ་འོངས་པ་ལ་རེ་བ་འདུག་བསམ་པ་དྲན་བྱུང་”ཞེས་གསུངས་སོང་།

5_sangye_gyatsoརྒྱ་གར་ལྷོག་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གྲྭ་སངས་རྒྱས་རྒྱ་མཚོས་གསུངས་དོན། “ང་ཚོ་སྒོ་མང་གྲྭ་ཚང་ནས་གྲྭ་པ་༧༠ ཙམ་སླེབས་ཡོད། དེ་རིང་གི་ལས་འགུལ་འདི་བཀའ་སྤྱི་ཐུན་མོང་ནས་འགན་ཁུར་གྱི་ཡོད་པས། གོ་སྒྲིག་དེ་ཚོ་ཧ་ལས་པའི་ཚགས་ཚུད་ཡག་པོ་བྱས་འདུག མ་ཟད་བཀའ་སྤྱི་གཉིས་ཀྱི་མཛད་གཙོ་ཚང་མ་ཕེབས་ཡོང་དུས་མི་མང་གི་སེམས་ཤུགས་འཕར་བ་དང་། ད་ཐེངས་མི་མང་ཡོང་མཁན་ཚང་མ་རྒྱག་རང་ཁུར་བྱས་ནས་དང་བླང་ཀྱིས་ཡོང་བ་རྐྱང་པ་ཡིན་པས། ང་ཡང་སེམས་ཤུགས་འཕར་ཡོང་གི་འདུག ལས་འགུལ་ཡག་པོ་ཡོང་ས་རེད་བསམ་བསམ་འདུག”ཅེས་གསུངས་སོང་།

6_chime_lhamoདྷ་ས་བོད་ཁྱིམ་སློབ་མ་འཆི་མེད་ལྷ་མོ་གསུངས་དོན། “ང་ཚོ་སློབ་ཕྲུག་༤༣ དང་ལས་བྱེད་༢༡ ལས་འགུལ་སྤེལ་བར་སླེབས་ཡོད། སྔོན་མ་ལྡི་ལིར་ལས་འགུལ་སྤེལ་བར་ཡོང་མྱོང་མེད། སྤྱིའི་ཆ་ནས་སྡོད་ས་དང་ཞལ་ལག་སོགས་གོ་སྒྲིག་མི་མང་ལ་དཔག་པའི་ཡག་པོ་འདུག  སོ་སོའི་རྒྱལ་ཁབ་ལ་ཤ་ཞེན་བྱས་ནས་ལས་འགུལ་འདི་འདྲ་སྤེལ་དུས་ང་ཚོ་མཉམ་ཞུགས་བྱེད་རྒྱུ་གལ་ཆེ་པོ་མཐོང་གི་འདུག རྗེས་མ་གོ་སྒྲིག་བྱེད་མཁན་ཚོའི་ངོས་ནས་ལས་འགུལ་འདི་འདྲ་མང་ཙམ་སྤེལ་དགོས་འདུག་བསམ་གྱི་འདུག”ཅེས་གསུངས་སོང་།

7_tsering_dharpoརྒྱ་གར་གྱི་རྒྱལ་ས་ལྡི་ལིར་སློབ་སྦྱོང་བྱེད་བཞིན་པ་ཚེ་རིང་དར་པོས་གསུངས་དོན། “གོ་སྒྲིག་བྱེད་སྟངས་དེ་ཚོ་ཧ་ལས་པ་ཡག་པོ་འདུག  ཕར་འགྲོ་ཚུར་ཡོང་ཚང་མ་སྤྱི་སྤྱོད་རླངས་འཁོར་༤༠ ཙམ་གོ་སྒྲིག་བྱས་ནས་གཏོང་གི་འདུག དེ་རིང་བཀའ་སྤྱི་གཉིས་ཀྱི་ལས་འགུལ་སྤེལ་བ་དང་པོ་ཡིན་པས། སོ་སོའི་རང་གི་སེམས་ནང་ལ་ཚོར་བ་དམིགས་བསལ་བ་ཞིག་ཡོད་གི་འདུག གོ་སྒྲིག་ཡག་པོ་བྱུང་འདུག ང་ཚོའི་བློ་ལ་བབ་པོ་བྱུང་སོང་། ང་ཚོ་སློབ་མ་མི་དགུ་ཙམ་ཉིན་བཞིའི་རིང་དགོངས་པ་ཞུས་ནས་ལས་འགུལ་ལ་མཉམ་ཞུགས་བྱེད་དུ་ཡོང་བ་ཡིན། བོད་པ་སྟོང་ཕྲག་མང་པོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཛོམས། ལྷག་པར་དུ་བཀའ་སྤྱི་གཉིས་ཀྱི་འགོ་ཁྲིད་ནས་སྲིད་སྐྱོང་བློ་བཟང་སེང་གེ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་རྣམ་གཉིས་ལས་འགུལ་འདིར་མཉམ་ཞུགས་བྱས་ཡོང་དུས་ཚོར་བ་དམིགས་བསལ་བ་ཞིག་ཡོང་གི་འདུག དུས་རྒྱུན་བོད་པ་དང་རྒྱ་གར་གནས་ཚུལ་ཆུང་ཚགས་ལ་དཀའ་ངལ་ཡོང་བ་མཐོང་དུས། རྒྱ་གར་གྱི་བོད་པར་རྒྱབ་སྐྱོར་དང་ཡག་པོ་བྱེད་ཀྱི་མི་འདུག་དྲན་གྱི་ཡོད། དེ་རིང་རྒྱ་གར་གྱི་ཆབ་སྲིད་མི་སྣ་མང་པོ་ཞིག་ཕེབས་ནས་བཀའ་སློབ་གནང་ཡོང་དུས་དངོས་གནས་ང་ཚོར་རྒྱབ་སྐྱོར་ཧ་ལས་པའི་ཡག་པོ་བྱེད་ཀྱི་འདུག་པས་ང་ཚོ་བོད་པར་སེམས་ཁུར་བྱེད་མཁན་འདུག་བསམ་ནས་སེམས་པ་དགའ་བྱུང་ཞེས་གསུངས་སོང་།

8_sonam_dorjeeརྒྱ་གར་བྷན་ད་ར་གཞིས་ཆགས་ཀྱི་བསོད་ནམས་རྡོ་རྗེས་གསུངས་དོན། “ང་ཚོའི་གཞིས་ཆགས་ནས་མཉམ་ཞུགས་བྱེད་མཁན་མི་༣༤ ཡོད། སྤྱིར་སྟངས་གོ་སྒྲིག་ཡག་པོ་བྱུང་འདུག དེ་རིང་ཉིན་གཅིག་གི་ལས་འགུལ་ཡག་པོ་བྱུང་སོང་། བཀའ་སྤྱི་གཉིས་ཀྱི་ལས་འགུལ་འདིར་རེ་བ་འདུག་བསམ་པ་དྲན་བྱུང་ཞེས་གསུངས་སོང་།

 

9_rabten_tseringརྒྱ་གར་མཻ་འོ་གཞིས་ཆགས་ཀྱི་རབ་བརྟན་ཚེ་རིང་གིས་གསུངས་དོན། “ང་ཚོའི་ས་གནས་ནས་མི་༥༥ མཉམ་ཞུགས་བྱས་ཡོད། བཀའ་སྤྱི་གཉིས་ཀྱི་ལས་འགུལ་འདི་ལ་ཞུགས་པ་ངའི་ངོས་ནས་ཐེངས་དང་པོ་ཆགས་ཀྱི་ཡོད། དེ་རིང་གི་ལས་འགུལ་འདིར་རྒྱ་བལ་འབྲུག་གསུམ་ནས་བོད་པ་སྟོང་ཕྲག་མང་པོ་ཕེབས་འདུག བོད་པ་ཚང་མ་དངོས་གནས་རྡོག་རྩ་གཅིག་སྒྲིལ་འདུག་བསམ་པ་དྲན་བྱུང་།”ཞེས་གསུངས་སོང་།

10_tenpa_phuntsokརྒྱ་གར་རྡེ་ར་དུན་བཀྲ་ཤིས་འཁྱིལ་དགོན་པའི་གྲྭ་པ་བསྟན་པ་ཕུན་ཚོགས་ཀྱིས་གསུངས་དོན། “ང་ཚོ་དགོན་པ་ནས་དམིགས་བསལ་བཏང་བ་དེ་འདྲ་མིན། གཙོ་བོ་དང་བླངས་ཀྱི་སྒོ་ནས་ཡོང་བ་ཞིག་ཡིན། ང་ལས་འགུལ་འདི་འདྲར་ཡོང་བ་ཐེངས་མ་གཉིས་པ་ཡིན། གོ་སྒྲིག་དེ་ཚོ་དངོས་གནས་ཡག་པོ་བྱས་འདུག དེ་ནས་ང་རང་ཚོའི་འགོ་ཁྲིད་དེ་ཚོའི་གསུང་བཤད་ཡག་པོ་གནང་སོང་། དེ་བཞིན་རྒྱ་གར་གྱི་རྒྱབ་སྐྱོར་དང་གང་ཅིའི་ཐོག་ནས་ཡག་པོ་འདུག བོད་ནང་ནས་དཔའ་བོ་ཕོ་མོ་བརྒྱ་མ་ཟིན་ཙམ་གྱི་རང་སྲོག་བཏང་ཡོད་རེད། དེ་འདྲ་ཡིན་པས་ང་ཚོ་འདིར་སེམས་པ་མ་སྐྱིད་པོ་ཡོང་གི་འདུག  དེ་རིང་འདིར་ལས་འགུལ་སྤེལ་ནས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ལས་དོན་གྱི་ཆ་ཤས་ལེན་རྒྱུ་བྱུང་བར་དགའ་བོ་བྱུང་། ད་ང་རང་ཚོའི་བོད་རང་བཙན་མྱུར་དུ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།”ཞེས་གསུངས་སོང་།