ཁམས་བྲག་མགོའི་ཡུལ་དུ་ནང་དམེ་མི་གཏོང་རྒྱུའི་དམ་བཅའ།
བོད་ཀྱི་ས་ཁུལ་མང་པོར་མི་རིགས་མཐུན་སྒྲིལ་བྱེད་ཀྱི་ཡོད་པ་ལྟར། ཉེ་ཆར་ཁམས་བྲག་མགོའི་ཡུལ་དུ་ཡང་“གངས་ལྗོངས་འཚེ་མེད་དཔའ་བོའི་མཐུན་ཚོགས”་ཞེས་པ་ཞིག་བཙུགས་ཏེ། ཡུལ་མི་ཕན་ཚུན་བར་རྒྱག་རེས་དང་ཇག་རྐུན་མི་བྱེད་རྒྱུའི་དམ་བཅའ་བཞག་སྟེ་མི་རིགས་མཐུན་སྒྲིལ་བྱེད་ཀྱི་ཡོད་པ་རེད།
དེང་སང་བོད་ཀྱི་ས་ཁུལ་མང་པོར་མི་རིགས་ནང་ཁུལ་དུ་རྒྱག་རེས་དང་ཇག་རྐུན་མི་བྱེད་རྒྱུའི་ལས་འགུལ་སྤེལ་གྱི་ཡོད་པ་ལྟར། རྒྱ་གར་ལྷོ་ཕྱོགས་འབྲས་བློ་གླིང་གྲྭ་ངག་དབང་མཁྱེན་རབ་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡ ནས་༤ བར་ཁམས་བྲག་མགོའི་ཡུལ་གྱི་འཇང་མདའ་ཐང་ཞེས་པའི་ས་ཆ་དེར་གྷུ་རུའི་དུང་སྒྲུབ་ཅིག་འཚོགས་ཏེ། ནོར་པ་རུ་ཁག་དང་པོ་དང་གཉིས་པ་གཉིས་ཀྱིས་གཙོས་ཉེ་འཁོར་གྱི་བོད་མི་སྐྱ་སེར་ཕོ་མོ་ཚང་མས། མ་བསྐུལ་དང་བླངས་ཀྱིས་“གངས་ལྗོངས་འཚེ་མེད་དཔའ་བོའི་མཐུན་ཚོགས”་ཞེས་པ་ཞིག་བཙུགས་ཏེ། སྐྱེས་པ་ཚོས་བོད་མི་ནང་ཁུལ་ལ་རྒྱག་རེས་དང་ཇག་རྐུན་མི་བྱེད་པ་དང་། བུད་མེད་ཚོས་བོད་མི་ནང་ཁུལ་ལ་དབྱེན་དཀྲུག་མི་བྱེད་རྒྱུའི་དམ་བཅའ་བཞག་སྟེ་མི་རིགས་ནང་ཁུལ་ལ་མཐུན་སྒྲིལ་བྱེད་ཀྱི་ཡོད་པ་རེད་འདུག
དེ་ཡང་ཕྱི་ལོ་༢༠༡༢ ལོའི་ཕྱི་ཟླ་༡ པོའི་ཚེས་༢༣ ཉིན་ཁམས་བྲག་མགོ་རྫོང་ཐོག་ཏུ་མི་མང་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེར་རྒྱ་གཞུང་གིས་བོད་མི་ཚོར་གང་བྱུང་གིས་མེ་མདའ་བརྒྱབ་སྟེ་ཁག་ཅིག་དམར་གསོད་བཏང་བ་མ་ཟད། གནས་ཚུལ་དེ་བྱུང་རྗེས་ཁུལ་དེའི་ས་གནས་བོད་མི་མང་པོ་ཞིག་སྔ་རྗེས་ཀྱིས་འཛིན་བཟུང་བྱས་ཏེ་དུས་བཀག་འདྲ་མིན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད།
ད་ལྟའི་ཆར་བྲག་མགོ་རྫོང་སྤྱིོ་བདེ་ལས་ཁུངས་ཞེས་པས་བྲག་མགོའི་ཡུལ་གྱི་རོང་པ་དང་འབྲོག་པའི་ཁྱིམ་ཚང་༧ རེའི་བར་དུ་ཉེ་འབྲེལ་གསར་པ་ཞེས་པའི་རྫོང་གི་ལས་བྱེད་མི་སྣ་རེ་བཞག་སྟེ། རྒྱལ་ཁབ་ཁ་བྲལ་གྱི་ལས་ལ་ཞུགས་མི་ཉན་སྐོར་གྱི་སློབ་གསོ་གཏོང་གི་ཡོད་སྐོར་ཡང་ཉེ་ཆར་བོད་ནས་ཡོང་བའི་བོད་མི་ཞིག་གིས་འགྲེལ་བརྗོད་བྱས་སོང་།