བློ་མ་ཞུམ་བདག་གི་སྤུན་ཟླ་ཚོ།། ཨེ་མ་ཧོ།
ཨེ་མ་ཧོ།
མགོན་བསྟན་པའི་མངའ་བདག་ཤཀྱའི་གཙོ།།
གསུང་ལེགས་པར་སྐྱོང་མཛད་མཁས་པའི་ཚོགས།།
འགྲོ་བྱམས་ཀྱིས་སྐྱོང་བའི་རྒྱལ་པོའི་ཚོགས།།
ཁྱེད་མེས་པོའི་ཚོགས་ལ་ཕྱག་འཚལ་ལོ།།
བོད་ཁ་བའི་ལྗོངས་ཀྱི་གནའ་གཏམ་ལ།།
དུས་སྔ་རབས་བར་དང་ཕྱི་མ་གསུམ།།
དེ་ཡལ་བར་མ་འདོར་བཙན་པོའི་བུ།།
འཆི་སྐད་ཅིག་མཐའ་ལའང་བསམ་རོགས་མཛོད།།
ཐོག་ཆོས་ཀྱི་རྒྱལ་པོ་སྲོང་བཙན་གྱིས།།
ཆོས་རིན་ཆེན་དམ་ཆོས་བོད་ལ་བསྒྲུར།།
སྒྲ་སྙན་རྩིས་ལ་སོགས་བོད་ལ་སྤེལ།།
ཁོང་ཐུ་མི་ལ་སོགས་བཀའ་དྲིན་ཆེ།།
རྗེ་ཆོས་རྒྱལ་གཉིས་པ་ཁྲི་སྲོང་གིས།།
གནས་འཕགས་པའི་ཡུལ་གྱི་སློབ་དཔོན་དང།།
མཁན་ཞི་བ་མཚོ་སོགས་བོད་དུ་དྲངས།།
ཕ་དམ་ཆོས་རིན་ཆེན་སྲོག་བཞིན་བསྐྱངས།།
ཕྱི་རྒྱ་གར་རྒྱ་ནག་ས་ཕྱོགས་ནས།།
སྒྲ་སྨན་རྩིས་ལོ་པེཎ་བཀའ་ཡིས་བསུས།།
བོད་ཁ་བའི་བདེ་རྩ་ཐུགས་ལ་མངའ།།
ཁོར་རྗེ་བོའི་་སྐུ་དྲིན་མ་བརྗེད་རོགས།།
རྗེ་ཆོས་རྒྱལ་གསུམ་པ་ཁྲི་རལ་གྱིས།།
བོད་རིགས་པའི་གནས་ལ་དག་པར་མཛད།།
སྨད་རྒྱ་དང་བོད་ཀྱི་རྒྱལ་མཚམས་བཙུག།།
རྗེ་འདི་འདྲ་སྲིད་འདིེ་མང་མང་མིན།།
རྗེ་གླང་དར་རྒྱལ་པོའི་མཛད་སྤྱོད་ལས།།
བོད་ནང་པའི་ཆོས་ལ་གནག་མོད་ཀྱང།།
བྱིངས་འགྲོ་བའི་ཚོགས་ལ་བུ་བཞྀན་བསྐྱངས།།
གང་རྗེ་བོའི་སྐུ་དྲིན་མ་བརྗེད་རོགས།།
དུས་ཆེས་སུ་འགྲོ་མགོན་ཆོས་རྒྱལ་དང།།
རྗེ་ཕག་པོ་གྲུབ་སོགས་མི་དཔོན་གྱིས།།
ཐོབ་གོ་སའི་དོན་དུ་བརྩད་མོད་ཀྱང།།
དོན་ཁ་བའི་རིག་གཞུང་སྲོགས་བཞྀན་བཟུང།།
ཕྱི་སོག་པོའི་དམག་ཀྱིས་རྒོལ་བ་དང།།
ནང་བླུན་པོའི་ཚོགས་ཀྱིས་ནང་འཁྲུག་སོགས།།
དོན་སྤྱི་ཚོགས་ཤིག་ལ་ཡོད་ངེས་བཞྀན།།
ངེས་ཁ་བའི་ནང་དུའང་ཉུང་ཉུང་མིན།།
༧གོང་ལྔ་བ་ཆེན་པོའི་མཛད་པ་དང་།།
སྐུའི་འཕྲེང་བ་བརྒྱུད་པའི་མཛད་བཟང་གིས།།
བོད་བསྟན་སྲིད་བྱ་བ་གཙོ་ཆེར་འཛྀན།།
ལུགས་བཟང་པོས་འགྲོ་བར་བུ་བཞྀན་གཅེས།།
མགོན་བཅུ་བཞྀ་བསྟནའཛིན་རྒྱ་མཚོའི་སྐབས།།
ཕྱི་དམར་པོ་བདུད་ཀྱིས་བོད་ཁམས་བཟུང།།
བོད་མགོ་ནག་མེ་ལ་གཉའ་གནོོད་བྱས།།
ངེས་ཁ་བའི་བུ་བརྒྱུད་ཁྲི་ཕྲག་བསད།།
ཆོས་དམ་ཆོས་རིན་ཆེན་་རྩ་གཏོར་བཏང།།
གོས་དམར་སེར་ཅན་ཀུན་དམྱལ་བར་བཅུག
མགོན་བསྟན་འཛིན་རྒྱ་ཚོ་རྒྱང་དུ་ཕེབས།།
བོད་མཁའ་བའི་ལས་དབང་གསོ་ཕྱིར་ཡིན།།
དུས་དེ་ནས་ཁ་བའི་མིག་ཟུང་གཉིས།།
ཐོག་སྐར་མའི་ཚོགས་ལ་ལྟ་མྱོང་མེད།།
དུས་ནམ་ཡིན་འཇིགས་སྐྲག་ཀློང་དུ་ཚུད།།
ཁ་མ་ཎི་སེམས་སུ་བླ་མ་ཡིན།།
སྡུག་བཅུ་ཕྲག་དྲུག་ལ་རྟག་ཏུ་མྱངས།།
དུ་ད་ལྟའང་མིག་ཆུ་བཞུར་བཞིན་ཡོད།།
ཕའི་སྙིང་ཁྲག་མཐོང་མཁན་ཉུང་ཉུང་མིན།།
རང་རང་གིས་གསོད་མཁན་དེ་བས་མང།།
དུས་མི་ལོ་གཅིག་གི་ཡར་སྔོོན་ནས།།
རང་རང་གིས་སྲེག་མཁན་བརྒྱ་ལས་འདས།།
བོད་ཁ་བའི་སྙིང་སྟོབས་ཇི་ཆེ་རེད།།
དེ་ང་འདྲས་དྲན་ན་དགའ་བ་ཡིན།།
བོད་འགྱིལ་བཞིན་འགྱིལ་བཞིན་ལངས་ནས་ཡོད།།
བོད་འཆི་བཞྀན་འཆི་བཞིན་གསོན་ནས་ཡོད།།
བོད་ཁ་བའི་ལས་དབང་རྫོགས་མེད་པས།།
དུས་གཏན་དུ་རིགས་ལ་བརྩོན་རོགས་མཛོད།།
བློ་མ་བཞུམ་བཙན་པོའི་རིགས་བརྒྱུད་ཚོ།།
ཐུགས་མ་སྐྱོ་བདག་གི་སྤུན་ཟླ་ཚོ།།
ཁྱོད་གོམ་གང་མདུན་ལ་སྤོ་ནུས་ཀྱང།།
བོད་བཙན་པོའི་སྐུ་དྲིན་འཇལ་བ་ཡིན།།
འདས་མེས་པོའི་ཚོགས་ཀྱིས་ང་ཚོ་ལ།།
ཆེས་རྒྱང་རིང་ཡུལ་ནས་གཟིགས་ནས་ཡོད།།
ཁྱོད་ཉལ་ནས་མ་འདུག་ཁ་བའི་བུ།།
དུས་བདེ་སྐྱིད་ཉི་མ་ཤར་ལ་ཉེ།།།།