༧པཎ་ཆེན་རིན་པོ་ཆེ་ཁྱེད་གང་དུ་ཡོད།

2013_4_24_1དེ་རིང་ཞོགས་པར་དྷ་སའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་གོ་སྒྲིག མེག་གྷན་ཉིན་མོ་སློབ་གྲྭའི་སློབ་ཕྲུག་གཙོས་པའི་ས་གནས་མི་མང་བརྒྱ་ལྷག་མཉམ་འཛོམས་ཀྱིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རྒྱ་གཞུང་གི་བཙོན་འོག་ནས། མྱུར་དུ་གློད་གྲོལ་ཡོང་ཆེད་ས་རྟགས་བསྡུ་རུབ་དང་རྔམ་སྟོན་ཁྲོམ་སྐོར་བཅས་ཀྱི་ལས་འགུལ་ཞིག་སྤེལ་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༤ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༡ སྟེང་དྷ་སའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་དང་། ས་གནས་བུད་མེད། བོད་རང་བཙན་སློབ་ཕྲུག་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་བཅས་ཀྱི་གོ་སྒྲིག་འོག མེག་གྷན་རླངས་འཁོར་འབབ་ཚིགས་སུ་ཉིན་མོ་སློབ་གྲྭའི་འཛིན་རིམ་གསུམ་པ་ནས་ལྔ་པའི་བར་གྱི་སློབ་ཕྲུག་ཚོ་གཙོས། ས་གནས་མི་མང་བརྒྱ་ལྷག་མཉམ་འཛོམས་ཀྱིས་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་རྒྱ་གཞུང་གིས།

ཉེས་མེད་བཙོན་འཇུག་བྱས་ནས་ལོ་ངོ་ཧྲིལ་པོ་༡༨ འཁོར་བ་དང་དེ་བཞིན་ཆུང་སྲིད་ཁོང་དགུང་གྲངས་༢༤ སོན་པའི་འཁྲུངས་སྐར་སང་ཉིན་ཡིན་པ་དང་སྟབས་བསྟུན་ཏེ། ཆུང་སྲིད་རིན་པོ་ཆེ་ཁོང་མྱུར་དུ་གློད་གྲོལ་ཡོང་ཆེད་ལས་འགུལ་བ་ཚོའི་གདོང་པར་ཁོང་གི་ཞལ་འབག་རེ་གྱོན་ཏེ། སྲང་ལམ་དུ་༧པཎ་ཆེན་རིན་པོ་ཆེ་ཁྱེད་གང་དུ་ཡོད་ཅེས་སྐད་འབོད་བྱེད་ཞོར་ཁྲོམ་སྐོར་དང་དེ་བཞིན་ས་རྟགས་བསྡུ་རུབ་བཅས་ཀྱི་ལས་འགུལ་ཞིག་སྤེལ་སོང་ལ། ལས་འགུལ་སྐབས་མང་ཚོགས་ཀྱིས་མཚན་རྟགས་རག་པ་ཆ་ཚང་ཉིན་འདིར་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་འགོ་ཁྲིད་ཞི་ཅིན་ཕིན་ལ་གཏོང་རྒྱུ་རེད་འདུག

2013_4_24ཐེངས་འདིའི་ལས་འགུལ་གོ་སྒྲིག་པའི་སྐུ་ཚབ་ཚོས་བོད་རྒྱ་དབྱིན་གསུམ་གྱི་ཐོག་ནས་ལས་འགུལ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྒྲོགས་སྦྱང་བྱས་པའི་ནང་འཁོད་དོན།

“དེ་སྔོན་བོད་ཀྱི་ཆོས་དང་རིག་གཞུང་བཅས་མི་རིགས་ཀྱི་ངོ་བོ་གསོན་གནས་ཐུབ་ཐབས་ཀྱིས་དཀའ་ངལ་མང་པོར་གདོང་ལེན་གནང་མྱོང་བའི་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་འཕྲལ་དུ་གློད་གྲོལ་དགོས་པའི་ལས་འགུལ་སྤེལ་གྱི་ཡོད། ང་ཚོས་རྒྱ་ནག་གཞུང་ལ་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གང་དུ་བཞུགས་ཡོད་མེད་གསལ་པོ་བཟོ་དགོས་པ་དང་། ཁོང་མྱུར་དུ་གློད་གྲོལ་དགོས་པའི་དགོས་འདུན་འདོན་གྱི་ཡོད། དེ་བཞིན་ང་ཚོ་བོད་མི་རྣམས་ཀྱིས་ཉིན་འདིར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ལ་ཁ་པར་གཏོང་བ་དང་། དྲ་རྒྱའི་བརྒྱུད་ནས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མྱུར་དུ་གློད་གྲོལ་དགོས་པའི་སྙན་ཞུ་གཏོང་རྒྱུའི་འབོད་སྐུལ་ཡང་ཞུ་རྒྱུ་ཡིན། ཚང་མས་དྲ་ཐོག་ནས་ཞུ་གཏུགས་དགོས་པའི་རེ་བ་དང་། ང་ཚོའི་ངོས་ནས་རྒྱབ་སྐྱོར་གྱི་མཚན་རྟགས་རག་པ་ཆ་ཚང་ཉིན་འདིར་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་འགོ་ཁྲིད་ཞི་ཅིན་ཕིན་ལ་གཏོང་གི་ཡིན”་ཞེས་དང་།

ཡང་གསལ་བསྒྲགས་དེའི་ནང་མུ་མཐུད་དུ་འཁོད་དོན། “པཎ་ཆེན་རིན་པོ་ཆེ་ནི་བོད་མི་རིགས་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་གལ་ཆེན་ཞིག་ཡིན་ཞིང་། ༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ཕྱི་ལོ་༡༩༨༩ ལོར་རྒྱ་གཞུང་གིས་གསང་རྒྱ་དམ་པོའི་འོག་གློ་བུར་དུ་སྐུ་གཤེགས་པའི་གནས་ཚུལ་བྱུང་ཡོད། ཕྱི་ལོ་༡༩༩༥ ལོར་༧གོང་ས་མཆོག་གིས་ལོ་༦ ལ་སོན་པའི་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གནང་རྗེས། རྒྱ་གཞུང་གིས་ཁོང་དང་ཁོང་གི་སྐུ་འཁོར་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་པ་དང་། ད་བར་ཁོང་རྣམས་ཀྱི་གནས་སྟངས་ཅི་ཡིན་སུས་ཀྱང་ཤེས་རྟོགས་མེད་པར་གྱུར་ཡོད”་ཅེས་སོགས་འཁོད་འདུག

ཆུང་སྲིད་པཎ་ཆེན་དགེ་འདུན་ཆོིས་ཀྱི་ཉི་མ་མཆོག་ཕྱི་ལོ་༡༩༩༥ ལོར་༧གོང་ས་མཆོག་གིས་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་གནང་རྗེས། རྒྱ་གཞུང་གིས་ཁོང་དང་ཁོང་གི་སྐུ་འཁོར་ཚང་མ་བཙན་ཁྲིད་ཀྱིས་ད་ལོར་ངོ་ལོ་༡༨ འཁོར་གྱི་ཡོད་པ་དང་། ལོ་ངོ་དེ་དག་གི་རིང་ཆུང་སྲིད་རིན་པོ་ཆེས་གཙོས་པའི་ཁོང་གི་ཡབ་ཡུམ་གཉིས་དང་སྐུ་འཁོར་ཚོའི་གནས་སྟངས་ཅི་ཡིན་སུས་ཀྱང་ཤེས་རྟོགས་ཐུབ་མེད་པ་རེད།