༄༅།།རྒྱང་དུ་འཕུར་རོགས་ཁུ་བྱུག་ལགས།
དུས་མི་ལོ་གཅིག་གི་ཡར་སྔོིན་ཞིག་ནས།།
ཁྱོད་ཁྲ་ཆུང་མིག་གི་དཔལ་དུ་ཤར་ཚེ།།
ངས་སྙིང་གཏམ་འགའ་ཞིག་ཁྱོད་ལ་ཤོར་ཐལ།།
ཐུགས་བཟོད་པར་གསོལ་རོགས་ཁུ་བྱུག་ལྷ་མོ།།
ཡུན་མི་རིང་མཇལ་བའི་ཁ་བརྡའི་ཁྲོད་ནས།།
སེམས་བསམ་པའི་སྨོན་ལམ་ནན་མོ་ཞིག་གིས།།
ཁྱོད་དངོས་སུ་མཇལ་བའི་སྐལ་བཟང་ཉིན་མོར།།
ལག་ཟུང་དུ་འབྲེལ་ནས་ཕུགས་བསམ་བསྐྲུན་ཡོད།།
ཆེས་འཁྲུག་ཆ་དོད་པའི་ཁྲོམ་ལ་སླེབས་ཀྱང་།།
ལག་གཏན་དུ་མི་བྲལ་དམ་པོར་བཟུང་ནས།།
གཏན་ཁྱོད་དང་མི་བྲལ་དམ་བཅའ་རེ་རེ།།
ངའི་རྐང་རྗེས་བཞིན་དུ་ལེན་མང་བཞག་ཡོད།།
འགྲོགས་མི་ལོ་གཅིག་གི་དགའ་སྐྱོའི་ཚོར་བ།།
དུས་ནམ་ཡང་མི་བརྗེད་སྙིང་ལ་བཀོད་ཡོད།།
ཚེ་མི་རྟག་འཁོར་བའི་ཆོས་ཉིད་ཙམ་ལས།།
ངེས་གཏན་བྲལ་གཏོང་མཁན་མེད་སྣང་ཤར་ཡོད།།
ཉིན་ལོ་ལ་བརྩིས་པའི་དུས་ཡུན་རིང་ལ།།
ངས་ཁྱོད་དང་འགྲོགས་ནས་ག་ལེར་འདྲིས་དུས།།
ཁྱོད་རྡ་སའི་དབྱར་གྱི་ནམ་དུས་བཞིན་དུ།།
ཡིད་སྟོན་ཐབས་མེད་པའི་དོན་སྙིང་རྟོགས་སོང་།།
ཁྱོད་ཡིད་ཀྱི་མདུན་པ་ནུབ་ལ་ཕྱོགས་འདུག
ངའི་སྒོ་གསུམ་ཡོད་ཚད་ཀ་ཁར་བཅོལ་ཡོད།།
མདུན་འགྲོ་ཡུལ་རྐང་ལམ་ཁ་ཁ་ཡིན་པས།།
ང་ཁྱོད་དང་མི་འབྲེལ་ཐབས་མེད་རེད་འདུག
ཁྱོད་གཤོག་ཟུང་རྒྱས་པའི་ཁུ་བྱུག་ཡིན་པས།།
གནས་འདི་རུ་མ་བཞུགས་རྒྱང་དུ་འཕུར་རོགས།།
ང་ཀ་ཁའི་རྐང་ལམ་རྒྱབ་ཏུ་བསྐྱུར་ནས།།
སྒོར་ལྗང་ཁུའི་རྗེས་སུ་གཏན་ནས་མི་འགྲོ།།
ཡར་ཆོས་པས་བཤད་ན་ལས་རེད་ཟེར་མོད།།
མར་ཁྱིམ་པས་བཤད་ན་མ་རབ་ཟེར་མོད།།
དོན་ངོ་མ་འགྲོ་བའི་རྐང་ལམ་མི་གཅིག
ཁྱོད་རང་གི་ལམ་ལ་དལ་གྱི་འཕུར་རོགས།།
ཤ་ཚ་བའི་སྙིང་གཏམ་ཁྱོད་ལ་བཤད་ཡོད།།
ངའི་དགའ་ས་ངོ་མ་ཁྱོད་ལས་མེད་མོད།།
ཁྱོད་ཀ་ཁ་གཉིས་ལས་ཀ་ཁ་བཟང་བས།།
ངས་ཀ་ཁ་སྐྱོང་བཞིན་འགྲོ་རྒྱུ་ཡིན་ནོ།།
