༄༅།།གས་ཆག་ཤོར་བའི་སྙིང་ཆུང་།
ས་སྲོད་ཀྱི་མཚན་མོ་དེར
ཆུ་འཛིན་ལང་ལོང་དུ་འཁྲིགས་པས
གློང་ཞགས་འཁྱུག་ཐེངས་གཅིག་ལ
ངའི་སྙིང་ཆུང་གསོན་པོར་གས་ཆག་བཏང་སོང
ཡ་ཆུང་སྙིང་ལ་རྨ་ཁ་ཆགས་པའི་ཞོགས་པ་དེར
སྙིང་ཆུང་གི་འཕར་ལྡིང་རྒོད་པོར་འགྲན
ཁྲ་ཆུང་ཟུང་ནས་བབས་པའི་གདུང་མཚོན་དྭངས་མ
རྡོག་པོ་རེ་རེ་བཞིན་སྣ་གཞུང་བརྒྱུད་དེ་འཛིན་མར་འཐིམས
འདུ་ཚོགས་ཧ་ཅང་མང་བའི་ཁྲོམ་གཞུང་དེ་ནས
གོམ་པ་འཁྱར་འཁྱོར་དུ་སྤོ་བཞིན་པའི་སེམས་པ
འཁུན་སྒྲ་དང་འགྲོགས་ནས
རང་ཉིད་ཀྱི་རྐང་པ་གར་འཛུགས་མེད་སྟངས་ལ་ལྟོས་དང
ཡ་ཆུང་ལ་རྨ་ཁ་ཆགས་པ་དེ་ཁོ་ལོས་ཡིན
ཁོ་ནི་དམག་ས་གནས་བྲོས་ཡོང་བའི་ཁེར་རྐྱང་ཞིག་ཡིན་ནམ
ཡང་ན་དྲན་པ་མི་གསལ་བའི་སྨྱོན་པ་ཞིག་ཡིན
གང་ལྟར་ཡང་དུས་དེ་ཚེ་ཁོ་ལ་མཚོན་ན
བརྩེ་དུང་དང་ལ་ཞེན། ཕུགས་བསམ་དང་རྨི་ལམ།
ཆེས་རིན་བྲལ་ཀྱི་ཚིག་འབྲུ་འདི་དག
སྙིང་ཆུང་གསོན་པོ་ལ་གས་ཆག་སྟོང་མཁན་ཙམ་ལས་ཅི་ཡང་མིན།། །།
རྡ་སའི་ཇ་ཁང་ཞིག་ནས་དེ་རིང་བྲིས།