ངས་ཁྱེད་ལ་རིན་ཐང་།
འཇམ་པོ་ངག་སྒོའི་ལམ་ནས། ། གཅེས་པའི་ཡིད་འོང་མ་ལ། ། སེམས་ཀྱི་གདུང་བ་ཡོད་ཚད། ། སྙན་དབྱངས་ལམ་ནས་གྱེར་ཡོད། ། ཁྱེད་ལ་བཅངས་པའི་བརྩེ་བས། ། སེམས་ཁོང་སྡུག་གིས་མནར་ཡོད། ། ཁྱེད་ལ་དུང་བའི་བསམ་པས། ། མིག་ཆུ་སེམས་ནས་བཞུར་ཡོད། ། བརྩེ་དུང་བརྩེ་དུང་ཟེར་བ། ། སེམས་ཀྱི་ལོངས་སྤྱོད་ཡིན་ཟེར། ། བུ་ཆུང་ང་ལ་མཚོན་ན། ། སྡུག་ཀྱི་ཁུར་བོ་རེད་འདུག ། ཀྱེ་མ་སྙིང་གི་མཛའ་མོ། ། བྱམས་དང་སྙིང་རྗེ་ཡོད་ན། ། ཁྱེད་ལ་དུང་པའི་བུ་ཡི། ། སེམས་ཀྱི་སྡུག་བསྔལ་སེལ་རོགས། ། ཁྱེད་དང་ང་གཉིས་ལས་དབང་། ། ཁེར་རྐྱང་འཚོ་བར་ཡིན་ན། ། ཡིད་སེམས་སུན་རོགས་ཙམ་ལས། ། ཡིད་སྨོན་ཤོར་དགོས་མི་འདུག ། གཞན་ཡུལ་ས་མཐའ་འདི་ནས། །
ལས་དབང་གཅིག་པའི་སྙིང་སྡུག ། ཁྱེད་དང་མཇལ་བའི་ཉིན་ནས། ། རང་སེམས་རྒྱ་ཡན་ཤོར་ཐལ། ། ཡབ་མེས་རིག་གཞུང་ཤན་དེས། ། ཕན་ཚུལ་དུང་བའི་སེམས་གཏམ། ། མངོན་གསལ་བརྗོད་པའི་སྤོབས་པ། ། མི་འདོད་བཙན་གྱིས་བཀག་འདུག ། ཉམ་ཆུང་མི་བུ་བདག་གིས། ། ཁྱེད་ལ་བཅངས་པའི་བརྩེ་དུང་། ། ནམ་མཁའི་ལྷ་མོ་མ་གཏོགས། ། མཁྱེན་པའི་བདག་མོ་ཡོད་དམ། ། ཁྱེད་ཉིད་དྲན་ཐེངས་རེ་རེར། ། འདོད་པའི་དངོས་པོ་གང་དགོས། ། མིག་གི་ཡུལ་དུ་སྤུངས་ཀྱང་། ། སེམས་པ་སུན་རོགས་རེད་འདུག ། འཕྲིན་ལས་ཀུན་གྱི་བདག་མོར། ། བྱམས་དང་སྙིང་རྗེ་ཡོད་ན། ། རིན་བྲལ་བརྩེ་དུང་འདི་ལ། ། བར་ཆད་མེད་པ་གནང་རོགས། ། སྒོ་གསུམ་ཁྲིམས་ཀྱི་འོག་ནས། ། ཐར་པའི་དུས་བཟང་ཤར་དུས། ། བདེ་སྐྱིད་དཔལ་ཡོན་རོལ་བཞིན། ། རང་དབང་ལོངས་སུ་སྤྱོད་འདོད། ། མཆོག་གསུམ་རྒྱལ་སྲས་ཚོགས་ཀྱི། ། སྤྱན་སྔར་འགྱོད་བཤགས་ཕུལ་ནས། ། སྒོ་གསུམ་བག་ཡོད་ངང་དུ། ། ཚུལ་མཐུན་འཚོ་བར་རོལ་ཆོག ། འདི་དང་ཕྱི་མ་ཀུན་ཏུ། ། ཡིད་འོང་ཁྱེད་དང་འབྲལ་མེད། ། གདུང་ཤུགས་དྲག་པོའི་རེ་སྨོན། ། མཆོག་གསུམ་ལྷ་ལ་བཅོལ་ཡོད། ། མ་བཅོས་བདེན་པའི་གཏམ་འདིས། ། ཁྱེད་ཐུགས་དཀྲུག་གཞིར་གྱུར་ཚེ། ། སྙིང་ནས་འགྱོད་བཤགས་ཙམ་ལས། ། བརྩེ་སེམས་ནམ་ཡང་མི་གློད། ། ཡིད་ལ་ཡོད་པའི་བྱམས་པ། ། སེམས་པ་ཁྱེད་ལ་ཤོར་ཚུལ། ། ཚེ་གཅིག་ཡིག་ཐོག་བྲིས་ཀྱང་། ། རྫོགས་པའི་དོགས་པ་མི་འདུག ། རེ་ཞིག་དུང་སེམས་མཚོན་བྱེད། ། གོ་སླ་ངག་གི་ལམ་ནས། ། སྤེལ་བའི་སྙན་ཚིག་འདི་ནི། ། མེ་ཏོག་ལྷ་རྫས་དཔེ་ཡིན། ། སྙིང་ནས་འཕྱུར་བའི་སྙིང་གཏམ། ། སྙིང་སྡུག་ཁྱེད་ལ་ཕུལ་ཡོད། ། སྙིང་ཁོངས་རུས་པའི་སྟེང་ནས། ། སྙིང་གཏམ་ཡིད་ལ་འཇོག་རོགས། །