བྱང་ཀོ་རི་ཡས་ཨ་རི་དང་གྲོས་མོལ་བྱེད་འདོད་ཡོད་སྐོར་བརྗོད་འདུག

བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༦ ཉིན་བྱང་ཀོ་རི་ཡའི་རྒྱལ་སྲུང་ལས་ཁུངས་ཀྱི་མགྲིན་ཚབ་པས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། ཨ་རི་དང་མཉམ་དུ་སྲིད་གཞུང་བར་གྱི་གྲོས་མོལ་བྱས་ཏེ། བྱང་ཀོ་རི་ཡིའི་ཕྱེད་གླིང་གི་གནས་བབ་ཞི་འཇགས་སུ་གཏོང་བ་དང་། ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་མངོན་འགྱུར་བྱེད་དགོས་ཞེས་བརྗོད་ཡོད་པ་རེད།

 

མགྲིན་ཚབ་པ་དེས་བརྗོད་པ་ལྟར་ན། གལ་ཏེ་ཨ་རིའི་ཕྱོགས་ནས་བྱང་ཀོ་རི་ཡའི་ཕྱེད་གླིང་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་བར་དོན་ངོ་མས་སེམས་ཁུར་བྱེད་པ་དང་། ཨ་རིའི་རྒྱལ་ཁབ་རང་དབང་དང་བཅས་པའི་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ན། ངེས་པར་དུ་སྔོན་འགྲོའི་ཆ་རྐྱེན་ཅི་ཡང་མེད་པའི་གྲོས་མོལ་ཡིན་དགོས་ཤིང་། གྲོས་མོལ་བྱེད་སྐབས་བྱང་ཀོ་རི་ཡ་དང་ཨ་རི་ཕྱོགས་གཉིས་ཀྱིས་དམག་དོན་གྱི་རྣམ་པ་ཞི་འཇགས་སུ་གཏོང་བ་དང་། འཐབ་འཁྲུག་མཚམས་བཞག་ནས་ཞི་བདེའི་རྣམ་པ་རུ་བསྒྱུར་བ། ཨ་རིས་བརྗོད་བཞིན་པའི་ཉིང་རྡུལ་མེད་པའི་འཛམ་གླིང་ཞིག་བསྐྲུན་པ་སོགས་ཕྱོགས་གཉིས་ཀྱི་སེམས་ཁུར་བྱེད་བཞིན་པའི་གནད་དོན་མང་པོ་ཞིག་གི་ཐོག་ལ་གྲོས་མོལ་བྱེད་ཆོག་པ་དང་། གྲོས་མོལ་གྱི་ས་གནས་དང་དུས་ཚོད་ཨ་རིའི་ཕྱོགས་ནས་ཐག་གཅོད་བྱེད་ཆོག་ཅེས་བརྗོད་འདུག

ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧེ་ཊི་ཡིས་ཟླ་འདིའི་ཕྱི་ཚེས་༡༦ ཉིན་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། ཨ་རིའི་ངོས་ནས་བྱང་ཀོ་རི་ཡ་དང་མཉམ་དུ་ཡིད་རྟོན་རུང་བའི་གྲོས་མོལ་བྱེད་འདོད་ཡོད་ཀྱང། བྱང་ཀོ་རི་ཡས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་བརྩི་སྲུང་བྱེད་པ་དང། ཉིང་རྡུལ་ནུས་པ་མེད་པར་གཏོང་བ་མངོན་འགྱུར་བྱེད་པ་སོགས་རང་སྟེང་གི་འོས་འགན་ལག་བསྟར་བྱེད་དགོས་ཞེས་བརྗོད་འདུག
ཧེ་ཊི་ཡིས་བཤད་རྒྱུར། ང་ཚོས་བྱང་ཀོ་རི་ཡའི་གཏམ་བཤད་ཙམ་མ་ཡིན་པར་དོན་དངོས་ཀྱི་བྱ་སྤྱོད་ལ་གཞིགས་ཏེ་བརྡར་ཤ་གཅོད་རྒྱུ་ཡིན་པ་དང་། བྱང་ཀོ་རི་ཡའི་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་རང་ཉིད་ཀྱི་ཁས་ལེན་དམ་བཅའ་དང་འོས་འགན་ལག་བསྟར་ཡག་པོ་བྱེད་པར་གྲ་སྒྲིག་བྱས་ཡོད་པའི་རྣམ་འགྱུར་སྟོན་དགོས་ཞེས་བརྗོད་འདུག །