གནོད་ཐེབས་མི་མང་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ།

ཉེ་ཆར་རྒྱ་གར་བྱང་ཕྱོགས་ཀྱི་ས་ཁུལ་ཁག་ཅིག་གི་ནང་ཆར་ཞོད་ཆེ་བས་རྐྱེན་གྱིས་ཆུ་ལོག་དང་ས་ཉིལ་བ་སོགས་ཀྱིས་མི་རྒྱུ་ཟོག་གསུམ་ལ་གོ་ཆག་ཆེན་པོ་བྱུང་ཡོད་པ་དེར། ༧གོང་ས་མཆོག་སྐུ་སྒེར་དང་དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གདུང་སེམས་བསྐྱེད་ཞུས་པ་དང་སྦྲགས་གནོད་ཐེབས་མིང་མང་གི་ཆེད་ཞལ་འདེབས་ཀྱང་ཕུལ་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༦ ཉིན་རྒྱ་གར་བྱང་ཕྱོགས་ཨུཏྟར་ཁཎྜ་Uttarakhand མངའ་སྡེའི་ཧིན་དུའི་གནས་ཆེན་ཁག་གིས་གཙོས། ས་ཁུལ་ཁག་ཅིག་ཏུ་ཆར་ཞོད་ཧ་ཅང་ཆེ་བས་རྐྱེན་གྱིས་ཆུ་ལོག་དང་ས་ཉིལ་བ་སོགས་ལ་བརྟེན་ནས་མི་ནོར་ཕྱུག་གསུམ་ལ་གོད་ཆག་ཚབས་ཕོག་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་༢༤ ཉིན་༧གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མན་མོ་ཧན་སིངྒ་ Prime Minister ManmohanSingh མཆོག་དང་འབྲེལ་ཡོད་མངའ་སྡེའི་བློན་ཆེན་སྐུ་ཞབས་ཝི་ཇེ་བྷ་ཧུ་གུ་ན་ Vijay Bahuguna གཉིས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་བའི་ནང་། “ཨུཏྟར་ཁཎྜ་མངའ་སྡེའི་ནང་ཆར་ཞོད་ཧ་ཅང་ཆེ་བས་རྐྱེན་གྱིས་སྔར་བྱུང་མྱོང་མེད་པའི་ཆུ་ལོག་དང་ས་ཉིལ་བ་སོགས་ལ་བརྟེན་ནས་མི་ནོར་ཕྱུག་གསུམ་ལ་གནོད་འཚེ་ཧ་ཅང་ ཆེན་པོ་ཕོག་པར་ངོས་རང་བློ་ཕམ་ཧ་ཅང་ཆེན་པོ་བྱུང། ངོས་ཀྱིས་གོད་ཆག་འོག་རྐྱེན་འདས་སུ་གྱུར་བ་རྣམས་ལ་སྨོན་ལམ་དང་རྗེས་ཤུལ་ནང་མི་སྤུན་མཆེད་ཚོར་གདུང་སེམས་མཉམ་སྐྱེ་ཞུས་པ་དང་སྦྲགས། ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་རྒྱ་གར་དབུས་ས་གཉིས་ཀྱི་འབྲེལ་ཡོད་ངལ་སེལ་རོགས་སྐྱོབ་ཚོགས་ཆུང་ལ་ཞལ་འདེབས་ཕྲན་བུ་འབུལ་རྒྱུ་ཡིན”་ཞེས་འཁོད་ཡོད་པ་རེད།

དེ་བཞིན་ཟླ་འདིའི་ཕྱི་ཚེས་༢༢ ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་གདུང་སེམས་མཉམ་བསྐྱེད་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། “བདུན་ཕྲག་འདིར་རྒྱ་གར་བྱང་ཕྱོགས་ཨུ་ཏྟར་ཁཎྜ་མངའ་སྡེའི་ནང་ཆུ་རུད་ཀྱི་གོད་ཆག་འོག་མི་གྲངས་དྲུག་བརྒྱ་ལྷག་རྐྱེན་ལམ་དུ་སོང་བ་དང། མི་སྟོང་ཕྲག་མང་པོའི་སྡོད་ཁང་སོགས་རྩ་མེད་བཟོས་པ་སོགས་གནོད་སྐྱོན་ཚབས་ཆེ་ཕོག་པར་བོད་མིའི་སྒྲིག་འཛུགས་ཀྱིས་ཧ་ཅང་བློ་ཕམ་ཐོག ཐེངས་འདིར་གོད་ཆག་འོག་རྐྱེན་འདས་སུ་གྱུར་བ་རྣམས་ལ་མྱ་ངན་དང་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང་སྦྲགས། ངལ་སེལ་མྱུར་སྐྱོབ་ལས་གཞིའི་ཆེད་མངའ་སྡེའི་བློན་ཆེན་གྱི་ངལ་སེལ་ཐེབས་རྩ་ (Chief Minister`s Relief Fund) བརྒྱུད་ནས་བོད་མིའི་སྒྲིག་འཛུགས་ཀྱིས་ཧིར་སྒོར་འབུམ་གསུམ་ཞལ་འདེབས་འབུལ་རྒྱུ་མ་ཟད། ང་ཚོས་གོད་ཆག་འོག་རྨས་སྐྱོན་ཕོག་པ་རྣམས་མྱུར་དུ་དྲག་སྐྱེད་ཡོང་བའི་སྨོན་ལམ་ཞུ་རྒྱུ་ཡིན”་ཞེས་འཁོད་ཡོད་པ་རེད།