ཐེར་འདོན།

མ་བཅོས་ལྷག་བསམ་དར་དཀར་ཡུག་ཅིག་ལ། །

གཡོ་སྒྱུ་དྲི་མས་རྡུལ་ཙམ་མ་གོས་པར། །

རང་རིཊ་ཕན་སེམས་བཅངས་པའི་སྙིང་གཏམ་རྣམས། །
གོ་བ་གཞན་དུ་འགྲེལ་དུས་ཡིད་ཐང་ཆད། །

ངོ་གདོང་ལྕཊ་འབག་གྱོན་པའི་ཁྲེལ་མེད་འགས། །
རང་གི་དེ་ཉིད་གང་ཡིན་མ་མཐོང་པར།

ད་དུང་ཆོས་སྲིད་ལོ་རྒྱུས་གླེང་སྟེགས་ཐོག །

སྐད་སྒྲ་འབྲུག་ལྟར་ལྡིར་དུས་ཞེ་རེ་ཁྲེལ། །

རྣམ་གསུམ་ངུར་སྨྲིག་གོས་བཟང་ཡོ་རས་འོག །

སྒོ་གསུམ་སྤྱོད་པ་ཁྱི་ལས་ལོད་པའི་ཁར། །

དུས་གསུམ་གདོན་གྱིས་སྨྱོས་པའི་བྱ་སྤྱོད་དེས། །

བསླབ་གསུམ་རྩ་ཧྲལ་བཏང་བར་ཡིད་རེ་སྐྱོ། །

མི་ཚེ་ཕྱེད་ལྷག་ཆོས་རའི་ནང་དུ་སྐྱལ། །

མི་དགེ་བཅུ་སྤོང་ཙམ་གྱི་ཚུལ་ཁྲིམས་དང་། །

མི་ཆོས་གཙང་མ་ཙམ་ལའང་མགོ་བོ་རྨོངས། །

མི་ངན་རང་མཐོང་ཅན་ཚོ་ཀྱེ་མ་ཧུད།

ཁ་ཁོག་གཉིས་མེད་རྒྱབ་འདུན་གཉིས་མེད་དང་། །

ཁ་སེམས་དཀར་པོའི་ཁ་བརྡ་ཚིག་གསུམ་འདི། །

ཁ་ངན་ཚིག་གིས་ཕུངས་པོར་འདོད་མཁན་ལ། །

ཁ་བའི་བུ་ངས་བཟོད་གསོལ་ཞུ་འདོད་མེད། །

ང་ཆེ་ང་བཙན་དགའ་བའི་མི་བུ་ཚོ། །

ངར་འཛིན་འབྱུང་པོས་རློམས་པ་མ་ཤེས་པ། །

ང་ཉིད་འཇིག་རྟེན་མཆོག་གྱུར་ཁེངས་རློམས་དེས། །
ང་རང་ཕུང་བ་མ་ཤེས་ཨ་ཙ་མ། །

པ་ལོ་མགོ་ནས་གཏུབ་དུས་བཟང་བཟང་འདྲ། །

ཕ་རྟགས་འཛེམ་མེད་སྟོན་དུས་ངན་ངན་འདྲ། །

བ་ཕྱུགས་ལྟ་བུ་བླུན་པོའི་ངང་ཚུལ་ཅན། །

མ་གྱུར་འགྲོ་དོན་ལྟར་ཅི་རང་དོན་རླགས། །

ཤ་ཚའི་སྙིང་གཏམ་སྙན་པོ་མེད་ན་ཡང་། །

ཤ་ཟད་རུས་པར་ཐུག་ཀྱང་རང་རིགས་སླད། །

ཤཱཀྱའི་དགེ་སྦྱོང་རློམས་པའི་བུ་ཆུང་ངས། །

ཤ་ཚའི་གླེང་གཏམ་ཡིན་ནོ་ཀླད་མེད་ཚོ། །

སུ་ལ་ཕོག་ན་དེ་ལ་སྤྲིངས་པའི་འཕྲིན། །

སུ་ཞིག་སྔོན་ནས་གསལ་བཤད་དགོས་གྱུར་ན། །

སུ་ལ་མི་འཇིགས་འགན་ཁུར་སྤོབས་པ་ཡོད། །

སུ་རུང་ཞིག་གིས་བདེན་ཁ་འབྱིན་ཡང་སྲིད། །