ཞི་ཅིན་ཕིང་གི་དཀའ་གནད་དང་ཨ་རྒྱ་གཉིས་ཀྱི་འབྲེལ་བ།
ཨ་རི་དང་རྒྱ་ནག་གི་འཐབ་བྱུས་དང་དཔལ་འབྱོར་གྲོས་མོལ་ཚོགས་འདུ་ཐེངས་ལྔ་པ་དེ་མི་རིང་བར་འཚོགས་གཏན་འཁེལ་ཡོད་པ་དང་། དེ་ནི་ཞི་ཅིན་ཕིང་དང་ཨོ་བྷ་མ་གཉིས་ཨ་རིའི་ཁེ་ལེ་ཧྥོ་ནི་ཡར་མཇལ་འཕྲད་ཀྱི་རྗེས་སུ། ཨ་རྒྱ་གཉིས་ཀྱི་མཐོ་རིམ་དཔོན་རིགས་ཀྱི་གྲོས་མོལ་ཐེངས་དང་པོ་ཆགས་ཡོད་པ་རེད།
རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་སྒེར་གྱི་མཇལ་འཕྲད་ནས་མཐོ་རིམ་དཔོན་རིགས་ཀྱི་གྲོས་མོལ་སོགས་ལ་བལྟས་ན། ཨ་རི་དང་རྒྱ་ནག་གི་འབྲེལ་བ་མུ་མཐུད་དུ་བརྟན་ལྷིང་ངང་ཡར་རྒྱས་འགྲོ་བཞིན་པ་ལྟ་བུ་ཞིག་ཡིན་སྐོར་འདུག
ཨ་རིའི་བྷུ་རུ་ཁན་ལྟེ་གནས་ཀྱི་(U.S. Brookings Institution)སྐད་གྲགས་ཅན་གྱི་རྒྱ་ནག་ཉམས་ཞིབ་རྩོམ་པ་པོ་ལི་བྷར་ཐལ་ (Kenneth G.Lieberthal)གྱིས་བརྗོད་པ་ལྟར་ན། ཞི་ཅིན་ཕིང་གིས་ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་སྲ་བརྟན་དུ་གཏོང་རྒྱུ་གལ་ཆེན་བརྩི་དོན་ནི། རྒྱ་ནག་ནང་ཁུལ་གྱི་གནད་དོན་ཐད་ནུས་ཤུགས་གཙོ་བོ་འདོན་པའི་ཆེད་དུ་ཡིན་པ་རེད།
ལི་བྷར་ཐལ་གྱིས་ཉེ་ཆར་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་ཏུ་གཏམ་བཤད་སྤེལ་སྐབས་བརྗོད་དོན། “སྲིད་འཛིན་གཉིས་ཀྱི་མཇལ་འཕྲད་དང་། མི་རིང་བར་འཚོགས་གཏན་ཁེལ་བའི་མཐོ་རིམ་དཔོན་རིགས་ཀྱི་འཐབ་བྱུས་དང་དཔལ་འབྱོར་སྐོར་གྱི་གྲོས་མོལ་སོགས་ལ་བལྟས་ན། ཞི་ཅིན་ཕིང་ལ་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཧ་ཅང་མང་པོ་ཞིག་གདོང་ལེན་བྱེད་རྒྱུ་ལྷག་ཡོད་པ་རེད་”ཅེས་དང་། ཁོང་གིས་མུ་མཐུད་དུ་བརྗོད་རྒྱུར། “དང་པོ། རྒྱ་ནག་གི་སྤྱི་ཚོགས་ནང་དཔལ་འབྱོར་དང་ཁོར་ཡུག་སོགས་གནད་དོན་མང་པོ་ཞིག་གི་ཐོག་ལ་བློ་འཚབ་བྱེད་བཞིན་པ་དང་། གཉིས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དལ་དུ་ཕྱིན་ཡོད་ཅིང་། དེ་ནི་དུས་ཚོད་རིང་ཐུང་གི་གནད་དོན་ཞིག་མིན་པར་དཔལ་འབྱོར་གྱི་གྲུབ་ཆའི་རང་བཞིན་ཞིག་ཆགས་ཡོད་སྟབས། དུས་ཡུན་རིང་པོར་ལམ་ལྷོང་བྱུང་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒྲོམ་གཞི་ད་ལྟ་གཞི་རྩའི་ཆ་ནས་ནུས་པ་འདོན་ཐབས་མེད་པར་གྱུར་ཟིན་པ་དང་། གནད་དོན་དེ་པེ་ཅིང་སྲིད་གཞུང་གིས་ཀྱང་ཤེས་ཡོད་ལ། རྒྱ་ནག་གི་ད་ལྟའི་དཔལ་འབྱོར་སྒྲོམ་གཞི་ལ་བསྐྱར་དུ་སྙོམ་སྒྲིག་ཧ་ཅང་ཆེན་པོ་ཞིག་བྱེད་དགོས་ཐུག་ཡོད།”ཅེས་བརྗོད་འདུག
ལི་བྷར་ཐལ་གྱིས་བརྗོད་དོན། “ཞི་ཅིན་ཕིང་ལ་འཕྲད་པའི་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཁྲོད་དུ། ཁོར་ཡུག་ཆེས་ཉམས་རྒུད་དུ་གྱུར་ཏེ་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གླེང་གཞིར་གྱུར་པ་དང་། རྩ་བ་ཟབ་ཅིང་གཏིང་འཐུག་པའི་ལྐོག་ཟ་རུལ་སུངས་ནི་ཆབ་སྲིད་ལམ་ལུགས་ནས་དཔལ་འབྱོར་དང་། སློབ་གསོ་སོགས་སྤྱི་ཚོགས་འཚོ་བའི་ཕྱོགས་ཡོངས་དང་། གཞི་རྒྱ་ཆེ་བའི་ཁེ་ཕན་ཤོག་ཁག་གི་བར་དུ་ཁྱབ་ཡོད། ཞི་ཅིན་ཕིང་གིས་སྲིད་དབང་བཟུང་བ་ནས་བཟུང་། རིམ་པས་དེ་ལྟ་བུའི་གནས་སྟངས་ལ་འགྱུར་ལྡོག་གཏོང་ཆེད་བྱེད་ཐབས་འདྲ་མིན་སྤྱོད་དེ། དམར་ཤོག་ཚོགས་པའི་དབང་བསྒྱུར་སྲ་བརྟན་གཏོང་རྒྱུའི་དམིགས་ཡུལ་བཟུང་ཡོད། ཉེ་ཆར་ཚོགས་འདུ་ཞིག་གི་ཐོག་ཏུ་ཞི་ཅིན་ཕིང་གིས། “མང་ཚོགས་ཀྱི་བློ་ཁ་ཕྱོགས་མིན་ནི་དམར་ཤོག་ཚོགས་པའི་འཆི་གསོན་དང་འབྲེལ་ཡོད་པ་ཞིག་རེད”་ཅེས་གསུངས་པ་མ་ཟད། “སྤྱོད་ལམ་བཞི་”ཞེས་འབོད་པ་ལེགས་བཅོས་ཀྱི་ཆེད་དུ་ལས་འགུལ་ཞིག་ཀྱང་འགོ་འཛུགས་ཡོད། “སྤྱོད་ལམ་བཞི་”ནི། རྣམ་པ་རིང་ལུགས། དཔོན་ཉམས་རིང་ལུགས། རྒྱས་སྤྲོས་རིང་ལུགས། བག་མེད་ཆུད་ཟོས་ཀྱི་བྱ་སྤྱོད་བཅས་ཡིན་པ་རེད།
ལི་བྷར་ཐལ་གྱིས་བརྗོད་དོན། “དེ་ནི་ཆབ་སྲིད་ཀྱི་ངོས་ནས་བཤད་ན་རང་དབང་མེད་པའི་བྱེད་སྟངས་ཤིག་ཡིན་པ་མ་ཟད། ཅུང་གུ་དོག་པའི་ལག་བསྟར་ཞིག་རེད། ཁོང་ཚོས་“སྤྱོད་བཞི་ལེགས་བཅོས་”ཀྱི་ལས་འགུལ་ཁྱབ་བསྒྲགས་བྱས་ནས་རིང་པོ་སོང་མེད་པ་དང་། ལས་འགུལ་དེ་ལོ་ཁ་ཤས་ནང་ལག་བསྟར་བྱེད་རྒྱུ་རེད། དེས་ང་ཚོར་རྒྱ་ནག་ཉམས་ཞིབ་པ་ཚོར་རང་དབང་མེད་པར་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ནང་གི་ལས་འགུལ་དེ་དག་དྲན་གསོ་གཏོང་གི་འདུག དེ་དང་མཉམ་དུ་ཞི་ཅིན་ཕིང་གིས་ལྐོག་ཟ་རུལ་སུངས་ལ་སྟོབས་ཤུགས་ལྡན་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད། སྲིད་བྱུས་མཁྲེགས་པོ་དེ་ཚོའི་དམིགས་ཡུལ་ནི་རྒྱ་ནག་ཁྲིམས་ལུགས་ཅན་དང་། སྟོབས་ཤུགས་ཅན། རྒྱ་ནག་དམར་ཤོག་གིས་རྒྱལ་ཁའི་ངང་དབང་བསྒྱུར་བྱེད་ཐབས་དང་། རྒྱ་ནག་དམར་ཤོག་ཚོགས་པར་ནུས་སྟོབས་རྒྱས་པའི་ཆེད་དུ་རེད།”ཅེས་བརྗོད་འདུག
ལི་བྷར་ཐལ་གྱིས་བརྗོད་རྒྱུར། “དེ་དག་ཕུད་པའི་ད་དུང་ཞི་ཅིན་ཕིང་གིས་ཁ་ཐུག་གི་བྱེད་ཐབས་ཁ་ཤས་སྤྱོད་དེ་མི་མང་གི་སེམས་པ་འགུག་ཐུབ་པའི་རེ་བ་བརྒྱབ་ཡོད་ལ། ཞི་ཅིན་ཕིང་གིས་མི་མང་གི་མདུན་དུ། རང་ཉིད་མཐའ་གཅིག་ཏུ་མི་མང་གི་ཕྱོགས་སུ་ལངས་ཡོད་པའི་རྣམ་འགྱུར་བསྟན་ཡོད། ཞི་ཅིན་ཕིང་གི་“རྒྱ་ནག་གི་ཕུགས་འདུན་”ནི་དོན་དངོས་སུ་“མི་རིགས་རིང་ལུགས་”ཀྱི་ཕུགས་འདུན་ཞིག་རེད་ཅེས་ཟེར།”
ལི་བྷར་ཐལ་གྱིས་བརྗོད་ན། “རྒྱ་ནག་དམར་ཤོག་གི་མཐོ་རིམ་དཔོན་རིགས་ནང་དུ་ཞི་ཅིན་ཕིང་གི་བཅོས་བསྒྱུར་ལས་འཆར་ལ་རྒྱབ་སྐྱོར་བྱེད་མཁན་ག་ཚོད་ཅིག་ཡོད་མིན་ད་དུང་བཤད་མི་ཐུབ། ཡིན་ནའང་ཉུང་མཐར་ཡང་ལི་ཁེ་ཆིང་གིས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་པ་ཁ་ཚོན་བཅད་ནས་བཤད་ཐུབ་པ་ཞིག་རེད། དཔལ་འབྱོར་གྱི་ངོས་ནས་བཤད་ན། ཞི་ཅིན་ཕིང་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་གི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་སྐུལ་འདེད་འཆར་གཞི་ལ་ཞིབ་འཇུག་བྱེད་བཞིན་པ་དང་། ཁོང་གིས་ཨོ་བྷ་མ་དང་མཇལ་འཕྲད་སྐབས་སུ་ཡང་དེའི་སྐོར་བཤད་ཡོད།”ཅེས་བརྗོད་འདུག
ལི་བྷར་ཐལ་གྱིས་ངོས་འཛིན་གནང་བ་ལྟར་ན། རྒྱ་ནག་གི་ཉེ་བའི་ཆར་གྱི་དཔོན་རིགས་བཀོད་སྒྲིག་ལས་ཀྱང་དེ་ལྟ་བའི་འཕེལ་ཕྱོགས་མངོན་ཡོད་ཟེར།
ཁོང་གིས་བརྗོད་རྒྱུར། “བཟང་ཕྱོགས་ནས་བལྟས་པ་ཡིན་ན། ང་ཚོས་མཐོང་ཐུབ་པ་ནི་མིང་དུ་གྲགས་པའི་བཅོས་བསྒྱུར་ཤོག་ཁག་གི་མི་སྣ་འགའ་ཞིག་གིས་གལ་ཆེའི་གོ་གནས་བཟུང་ཡོད། གོང་སྤེལ་བཅོས་བསྒྱུར་ལྷན་ཁང་གི་འགན་འཛིན་གཞོན་པ་དང་། དབུས་གཞུང་གི་དངུལ་རྩིས་ལས་ཁུངས་ཀྱི་འགན་འཛིན་ལུའུ་ཧི། དབུས་དངུལ་ཁང་གི་འགན་འཛིན་ཞོའོ་ཁྲེན། ནོར་སྲིད་འགན་འཛིན་ལུ་ཞུ་ཝན་སོགས་ཐམས་ཅད་ཀྱི་གོ་གནས་ཧ་ཅང་གལ་ཆེན་ཡིན་པ་མ་ཟད། ཁོང་ཚོ་ཚང་མ་བཅོས་སྒྱུར་ཤོག་ཁག་གི་མི་སྣ་རེད།”ཅེས་བརྗོད་འདུག
ཁོང་གིས་ཚོད་དཔག་བྱས་དོན། རྒྱ་ནག་དམར་ཤོག་གི་ད་ལོའི་ཕྱི་ཟླ་༡༠ པའི་ནང་གི་ཚོགས་ཆེན་ཐོག་ཞིབ་ཕྲའི་ལས་འཆར་བཏོན་ཏེ། མངོན་གསལ་གྱིས་བཅོས་སྒྱུར་ལས་རིམ་དང་ཁྱབ་ཁོངས། དུས་ཚོད་བཅས་གཏན་འབེབ་བྱེད་སྲིད་པ་ཞིག་རེད། ཁོང་གིས་ད་དུང་ངོས་འཛིན་བྱས་དོན། རྒྱ་ནག་གི་དཔལ་འབྱོར་བཅོས་བསྒྱུར་དེ་ཐོག་མར་མ་རྐང་(དངུལ་རྩིས་) གི་ཁྱབ་ཁོངས་སུ་སྤེལ་ངེས་རེད་ཟེར།
ཁོང་གིས་བརྗོད་རྒྱུར། “ རྒྱུ་མཚན་ནི་དེ་ལྟ་བུའི་བཅོས་བསྒྱུར་དེ་དཔོན་རིགས་ཤོག་ཁག་ནས་ཆབ་སྲིད་ བར་དུ་བལྟས་ཡོང་ན། དེ་ནི་ཆེས་འགོ་རྩོམ་སླ་བའི་ཕྱོགས་ངོས་ཤིག་རེད། དཔལ་འབྱོར་གྱི་རྩ་བའི་གྲུབ་ཆ་རང་བཞིན་གྱི་བཅོས་བསྒྱུར་ནི་འགོ་ཁྲིད་(བཅོས་བསྒྱུར་ཤོག་ཁག) ཚོས་རེ་བ་རྒྱག་སའི་དམིགས་འབེན་གཙོ་བོ་ཡིན། ཡིན་ནའང་དེ་ལ་འགལ་རྐྱེན་འདྲ་མིན་འཕྲད་སྲིད་པ་ནི་བཤད་མི་དགོས་པ་ཞིག་རེད། གང་ལགས་ཤེ་ན། བཅོས་བསྒྱུར་བྱེད་པར་ཐོག་མར་ཁ་གཏད་གཅོག་ས་དེ་དབུས་ཀྱི་སྟོབས་ཆེན་ཁེ་ལས་ཚན་པ་༡༢༥ དང་ཁྲི་༡༢་༥ ཡོད་པའི་རྒྱལ་ཁབ་ཀྱི་ས་གནས་ཁེ་ལས་ཚན་པ་ཁག་ཡིན་པ་དང་། ཁོང་ཚོའི་རྒྱབ་ལོགས་ལ་ཁྲི་སྟོང་བརྒལ་བའི་ས་གནས་ཀྱི་དཔོན་རིགས་དང་ཁེ་ཕན་ཤོག་ཁག་རྣམས་ཡོད། སྟོབས་ཤུགས་དེ་དག་གིས་ཐབས་ཤེས་འདྲ་མིན་སྣ་ཚོགས་བརྒྱུད་དེ་བཅོས་བསྒྱུར་ལ་འགོར་འགྱངས་དང་བར་ཆད་བཟོ་ངེས་ཡིན།
ཉེ་ཆར་རྒྱ་ནག་གི་དངུལ་ཁང་ལ་དངུལ་གྱི་མ་འདང་བའི་དཀའ་ངལ་འཕྲད་ཡོད་ཅིང་། རྒྱ་ནག་མི་མང་དངུལ་ཁང་གིས་རྒྱུན་ལྡན་ལྟར་བྲེལ་འཚུབ་མེད་མདོག་གིས་མ་རྐང་ཁ་གསབ་ཐབས་བྱས་ཡོད། དེ་ནི་རྒྱ་ནག་གི་བཅོས་བསྒྱུར་སྔོན་གྱི་འཕག་ཚག་ཞིག་ལ་ངོས་འཛིན་བྱེད་བཞིན་པ་རེད།
འོན་ཀྱང་། ལི་བྷར་ཐལ་གྱིས་ཕྱོགས་མཚུངས་སུ་ཞི་ཅིན་ཕིང་གི་བཅོས་བསྒྱུར་ལས་འཆར་ལམ་ལྷོང་བྱུང་མིན་ནི། ད་དུང་མཐའ་གཅིག་ཏུ་ཚོད་དཔག་བྱེད་མི་ཐུབ་པ་ཞིག་རེད་ཅེས་བརྗོད། ཁོང་གིས་བཤད་རྒྱུར། “བཅོས་བསྒྱུར་གྱི་གླེང་གཞི་ཧ་ཅང་མགོ་རྙོག་པོ་དང་དཀའ་ལས་ཁག་པོ་རེད། རྒྱལ་ཁའི་རེ་བ་ཡོད་མིན་ཐག་གཅོད་མི་ཐུབ་པ་ཞིག་རེད། གཏིང་ཟབ་པའི་ལྐོག་ཟ་རུལ་སུངས་དང་། ཧ་ལས་པའི་སྤྱི་ཚོགས་ཐོག་གི་ཁྲིམས་མེད་ལུགས་མེད། གཞི་རྒྱ་ཆེ་བའི་ཁེ་ཕན་ཤོག་ཁག དེའི་ཁར་མུ་མཐུད་ཉམས་དམས་སུ་འགྲོ་བཞིན་པའི་ཁོར་ཡུག་སོགས་ལ་བལྟས་ན། བཅོས་བསྒྱུར་ལ་ཚད་ཅི་ལྟ་བའི་གྲུབ་འབྲས་ཐོན་མིན་ནི། མཐའ་གཅིག་ཏུ་ཚོད་དཔག་བྱེད་དཀའ་བ་ཞིག་རེད།”
ལི་བྷར་ཐལ་གྱིས་མཐའ་མཇུག་ཏུ་བརྗོད་དོན། རྒྱ་ནག་གི་བཅོས་བསྒྱུར་ལམ་ལྷོང་བྱུང་མིན་གྱིས་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་བར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་མ་ཟད། ད་དུང་རྒྱ་ནག་གི་ཨེ་ཤི་ཡ་དང་སའི་གོ་ལའི་ཁྱོན་ཡོངས་ཀྱི་གོ་གནས་ལའང་ཤུགས་རྐྱེན་ཐེབས་ངེས་རེད། གང་ཡིན་ཟེར་ན། རྒྱ་ནག་གི་ད་ལྟའི་ཡོད་ཚད་དཔལ་འབྱོར་ཐོག་ནས་ཐོབ་པའི་གྲུབ་འབྲས་དང་རྒྱལ་ཁག་གཞན་གྱིས་རྒྱ་ནག་གི་དཔལ་འབྱོར་གྲུབ་འབྲས་ལ་རེ་ལྟོས་ཁོ་ན་ལ་བརྟེན་ནས་བྱུང་བ་ཞིག་རེད།