བོད་ནང་དུ་རྒྱ་གཞུང་གིས་འཁྲུངས་སྐར་སྲུང་བརྩི་བཀག་འགོག
༧གོང་ས་མཆོག་དགུང་གྲངས་༧༨ ལ་ཕེབས་པའི་འཁྲུངས་སྐར་དེ་ཁམས་རྟའུ་དང་ལི་ཐང་སོགས་སུ་སྲུང་བརྩི་ཞུས་པར་བརྟེན། རྒྱ་ནག་གཞུང་གིས་བཀག་འགོག་བྱས་པ་མ་ཟད། ཁམས་རྟའུའི་མི་མང་ཁག་ཅིག་རྒྱ་གཞུང་གི་ཉེན་རྟོག་པས་རྡུང་རྡེག་བཏང་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༦ ཉིན་ཁམས་ལི་ཐང་དུ་རྒྱ་ནག་གི་ཉེན་རྟོག་པས་དམ་དྲག་བྱས་མིན་ལ་མ་ལྟོས་པར། མི་མང་འདུ་འཛོམས་ཀྱིས་གླུ་གཞས་གཏོང་མཁན་ཁག་གཅིག་གིས་༧གོང་ས་མཆོག་གིས་སྐུའི་འཁྲུངས་སྐར་ལ་བསྟོད་གླུ་འདྲ་མིན་ལེན་པ་སོགས་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་འདུག
གླུ་གཞས་ལེན་མཁན་གཞས་པ་གཞས་མ་ཁག་གཅིག་ལ་རྫོང་ཉེན་རྟོག་ལས་ཁུངས་ཀྱིས་གལ་སྲིད་གཞས་གཏོང་སར་སོང་བ་ཡིན་ན་འཇུ་བཟུང་བྱེད་ཀྱི་ཡིན་སྐོར་བཤད་ནས་བཀག་འགོག་བྱས་ཡོད་པར་བརྟེན། འཁྲུངས་སྐར་ཐོག་བཅར་ཐུབ་མེད་པ་དང་། ལི་ཐང་དགོན་ཆེན་གྱི་ནང་གསེས་མཚན་ཉིད་གྲྭ་ཚང་གིས་གོ་སྒྲིག་དང་གདན་ཞུས་བྱས་པའི་གཞས་པ་གཞས་མ་རྣམས་ལ་ཐུགས་རྗེ་ལེགས་གསོལ་མཚོན་ཆེད་དང་དྲན་རྟེན་དུ་རྒྱལ་བའི་སྐུ་དཔར་རེ་དང་མཇལ་དར་བཅས་ལེགས་སྐྱེས་སུ་ཕུལ་ཡོད་འདུག
སྐུའི་འཁྲུངས་སྐར་གྱི་སྒོ་བྱང་ཐོག་འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་དགུང་གྲངས་༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་ཞེས་བྲིས་ཡོད་འདུག་ཅེས་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་སོང་།
དེ་བཞིན་ཁམས་རྟའུ་ཉ་མཚོ་དགོན་པས་༧གོང་ས་མཆོག་གིས་འཁྲུངས་སྐར་སྲུང་བརྩི་ཞུས་པར་རྒྱ་གཞུང་གིས་བཀག་འགོག་ནན་མོ་བྱས་ཡོད་པ་མ་ཟད། མི་མང་ཁྲོད་རྒྱ་གཞུང་གིས་དྲག་དམག་གིས་དུག་རླངས་གཡུག་པ་དང་མེ་མདའ་གང་བྱུང་དུ་བརྒྱབ་ནས་མི་མང་པོར་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པ་དང་། དེའི་ནང་ནས་མི་རེ་ཟུང་ལ་རྨས་སྐྱོན་ཧ་ཅང་ཚབས་ཆེན་ཕོག་ཡོད་རྐྱེན་རྒྱ་ནག་གི་སྨན་ཁང་ཆེ་སར་ཛ་དྲག་སྨན་བཅོས་སར་ཁྱེར་ཡོད་སྐོར་དང་། ད་ལྟའི་ཆར་རྟའུ་ས་ཁུལ་གྱི་འཕྲིན་ཕྲན་སོགས་དྲ་རྒྱའི་བརྒྱུད་ལམ་ཁག་ཀྱང་བཀག་འགོག་བྱས་ཡོད་པའི་སྐོར་སོགས་འགྲེལ་བརྗོད་གནང་སོང་།

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཁམས་རྟའུ་རྫོང་ཉ་མཚོན་དགོན་པ་དང་དགེ་ལྡན་ཆོས་གླིང་གི་བཙུན་མ་སོགས་གཙོ་བྱས་པས་སེར་སྐྱ་མི་མང་བརྒྱ་ཕྲག་ཁ་ཤས་ཡུལ་དེའི་གཞི་བདག་རྨ་ཆེན་སྤོམ་རའི་རྩེར་འཁྲུངས་སྐར་བསུ་པའི་ལྷ་བསང་གཏོང་བར་འགྲོ་བའི་སྐབས། རྒྱ་དམར་གྱི་དྲག་པོའི་དཔུང་དམག་གིས་རྨ་ཆེན་སྤོམ་རའི་ལབ་ཙེ་ཡོངས་སུ་བསྐོར་ཏེ་བསང་གསོལ་གཏོང་བཅུག་མི་འདུག།
སྐབས་དེར་སྔོན་མ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་སྲེག་གནང་བའི་རྒྱལ་གཅེས་དཔའ་མོ་བཙུན་མ་དཔལ་ལྡན་ཆོས་མཚོ་ཡི་གཅུང་པོ་གྲྭ་བྱང་ཆུབ་རྡོ་རྗེས་རླངས་འཁོར་བཏང་ནས་རི་རྩེར་འབྱོར་བ་དང་རྒྱ་དམར་གྱི་དམག་མི་ཚོས་ཁོང་གི་རླངས་འཁོར་ལ་རྡོ་གཞུས་ཏེ་ཤེལ་སྒོ་སོགས་བཅག་པ་དང་གྲྭ་བྱང་ཆུབ་རྡོ་རྗེ་དང་ཉ་མཚོ་དགོན་པའི་དགེ་བསྐོས་ཚེ་རིང་དོན་འགྲུབ། བྲག་ཆུང་གྲོང་པ་ཨོ་རྒྱན་བཀྲ་ཤིས། ཉ་མཚོ་དགོན་གྱི་རྒན་བཀྲ་ཤིས་བསོད་ནམས། མི་སྐྱ་བཀྲ་ཤིས་མདུན་སྐྱ་གྲོང་པ་སྙན་གྲགས་བཙུན་མ་ཞིག་བཅས་ལ་མེ་མདའ་བརྒྱབ་སྟེ་ད་ལྟ་ཛ་དྲག་གི་སྨན་བཅོས་བྱེད་བཞིན་ཡོད་འདུག
ལྷག་པར་དུ་ཨོ་རྒྱན་བཀྲ་ཤིས་ལ་མེ་མདའ་ཕོག་པའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཏེ་རྫོང་སྨན་ཁང་ནས་སྐྱོབ་མ་ཐུབ་པར། ད་ལྟ་ཁྲིན་ཏུའུ་སྨན་ཁང་ཆེན་པོ་ཞིག་ཏུ་མྱུར་སྐྱོབ་བྱེད་དུ་ཕྱིན་འདུག། གཞན་ད་དུང་མི་མང་གི་ཁྲོད་དུ་མིག་ཆུ་འཐོར་བའི་དུག་རྫས་བེད་སྤྱོད་བཏང་བ་དང་གང་འདོད་དུ་གཅར་རྡུང་བྱས་ཏེ་མི་མང་མང་པོ་རྨས་སྐྱོན་ཐེབས་འདུག། ད་ལྟའི་ཆར་ཁམས་རྟའུ་ཉ་མཚོ་དགོན་པའི་ཕྱི་ནང་གང་སར་དམག་གིས་དམ་དྲག་བྱས་ཏེ་མི་མང་ཚོར་འགྲོ་བསྐྱོད་བྱེད་མི་ཆོག་པའི་གནས་ཚུལ་ཛ་དྲག་ཆགས་འདུག།
མོན་གྷོ་གསར་འགོད་པས།
