འདྲ་མཉམ་གྱི་གོ་སྐབས་གསར་པ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༤༦ ཕྱི་ལོ་ ༢༠༡༣/༧/༡༠
འཛམ་བུའི་གླིང་འདིར་ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་རྩོད་ལེན་བྱེད་མཁན་གང་མང་ཞིག་ཡོད་པ་དང། དེའི་ཐོག་ནས་ཚོར་བ་རྐྱེན་པའི་ལབ་གླེང་ཡང་མི་ཉུང་བ་ཞིག་ཡོང་གི་ཡོད། གནད་དོན་དེའི་ཐད་ནས་བོད་པའི་སྤྱི་ཚོགས་ནང་དུའང་ཚོར་སྣང་དང་ལབ་གླེང་གང་མང་ཞིག་སླེབས་ཡོད་པ་དང་།
བོད་པའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་མིན་པའི་བསམ་ཚུལ་དེ་གཙོ་བོ་ནུབ་ཕྱོགས་ནས་ཡོང་ཡོད་པ་དང། དེ་ཡང་ནུབ་ཕྱོགས་སུ་ཐོག་མའི་ཆར་ཕོ་མཆོག་མོ་དམན་གྱི་བསམ་བློ་ཤུགས་ཆེན་པོ་ཡོད་པ་མ་ཟད། མང་གཙོ་སྔོན་ནས་དར་བའི་ནུབ་ཕྱོགས་ཀྱི་ཡུལ་གྲུ་གང་མང་ཞིག་ཏུ་བུད་མེད་ལ་འོས་བླུག་པའི་ཐོབ་ཐང་དེ་ཡང་ཕྱིས་སུ་མ་གཏོགས་བྱུང་མེད། གནད་དོན་དེའི་ཐོག་ནས་སྐབས་དེའི་ནུབ་ཕྱོགས་པའི་སྤྱི་ཚོགས་སུ་ཕོ་མཆོག་མོ་དམན་གྱི་བསམ་བློའི་རྒྱབ་ལྗོངས་དང་གནད་དོན་མང་པོ་ཞིག་ཡོད་པ་རང་ཤུགས་ཀྱིས་རྟོགས་ཐུབ་པ་ཞིག་རེད།
བོད་པའི་ལོ་རྒྱུས་ནང་ཕོ་མཆོག་མོ་དམན་གྱི་བསམ་བློ་མེད་ཚུལ་བརྗོད་མཁན་གྱི་རིགས་གཅིག་དང། ཤུགས་ཆེན་པོ་ཡོད་པའི་ལྟ་ཚུལ་བརྗོད་མཁན་གྱི་རིགས་གཅིག་ཀྱང་ཡོད། གནད་དོན་རེ་ཟུང་གི་ཐོག་ནས་བོད་པའི་སྤྱི་ཚོགས་སུ་ཕོ་མཆོག་མོ་དམན་གྱི་ལྟ་ཚུལ་གཏན་ནས་མེད་པ་ཞིག་ཡིན་མི་སྲིད་ལ། འཇིག་རྟེན་མིའི་སྤྱི་ཚོགས་ནང་ལྟ་ཚུལ་དེ་ཤུགས་ཆེན་པོ་ཡོད་པས་བོད་པའི་སྤྱི་ཚོགས་ལའང་ཡོད་ངེས་པ་རེད། འོན་ཀྱང་ལོ་རྒྱུས་ནང་ནུབ་ཕྱོགས་པའི་སྤྱི་ཚོགས་དང་གཅིག་མཚུངས་བཞིན་ཕོ་མཆོག་མོ་དམན་གྱི་ལྟ་ཚུལ་ཤུགས་ཆེན་པོ་མེད་པ་དེའང་གསལ་པོ་རེད། གལ་སྲིད་ཡོད་ན་གང་དུ་ཐུབ་ཚོད་དང་གཉའ་གནོན་ཡོད་པ་དེར་ངོ་རྒོལ་དང་གདོང་ལེན་ཡོད་ཅེས་པ་ལྟར་བྱུང་ཡོད་ངེས་རེད། འཛམ་གླིང་གི་ཁྱོན་ནས་ནུབ་ཕྱོགས་པ་ཡར་རྒྱས་སྔོན་དུ་སོང་བ་དེ་དག་རེ་རེ་བཞིན་དཀའ་ངལ་མང་པོ་ཞིག་འཕྲད་པའི་བརྒྱུད་རིམ་དང་ཉམས་མྱོང་ལ་བརྟེན་ནས་བྱུང་བ་རེད།
བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་བུ་ལ་གོ་སྐབས་ཡོད་ཀྱང་བུ་མོ་ལ་མེད་པ་ཞིག་གཅིག་ཀྱང་མེད་མོད། ད་དུང་ཡར་རྒྱས་གཏོང་དགོས་པའི་གནད་འགག་མང་པོ་ཞིག་ལྷག་ཡོད། དཔེར་ན་བཙན་བྱོལ་ནང་བུད་མེད་ཀྱི་ཐོབ་ཐང་གླེང་མཁན་ཚོས་གཙོ་བོ་བུད་མེད་ཚོ་ཐབ་ཚང་ནང་དུ་འཛུལ་རྒྱུ་མང་དྲགས་པ་དང། ཁྱོ་གས་ཀྱང་གཅིག་མཚུངས་ཐབ་ལས་བྱེད་དགོས་པའི་ལྟ་ཚུལ་དེ་བརྗོད་བཞིན་ཡོད། དེ་ཡང་གནད་དོན་གལ་ཆེན་ཞིག་ཡིན་མོད། དེ་ལས་ཀྱང་གལ་ཆེ་བ་དེ་བོད་པའི་བུད་མེད་ཚོས་སྐྱེས་པ་དང་འདྲ་བར་མི་མང་འཛོམས་སར་རང་ཉིད་ཀྱི་བསམ་ཚུལ་གང་ཡོད་བརྗོད་རྒྱུར་འཛེམས་པ་དང། རང་ཉིད་ཀྱི་བསམ་ཚུལ་ཐད་ཀར་བརྗོད་ནས་རྩོམ་ཡིག་འབྲི་མཁན་དཀོན་པ་འདི་གཉིས་ཀྱི་ཐོག་ནས་བུད་མེད་རྣམས་སྤྱི་ཚོགས་ནང་མངོན་གསལ་མེད་པར་གྱུར་པ་རེད་སྙམ།
བུད་མེད་ཀྱི་ནུས་ཤུགས་གོང་མཐོར་སྤེལ་རྒྱུར་གཙོ་བོ་སྤྱི་ཚོགས་ཀྱི་སྣེ་ཁྲིད་མཁན་གྱི་བུད་མེད་མང་པོ་སླེབས་དགོས་པ་དང། དེ་སླེབས་པ་ལ་སྤོབས་པ་དང་ཤེས་ཡོན་དགོས་པ་དེ་གལ་ཆེན་པོ་རེད། གཞི་རིམ་གྱི་ཤེས་ཡོན་ཐོག་ནས་བུ་དང་བུ་མོ་གཅིག་མཚུངས་ཡིན་པ་མ་ཟད། གནད་དོན་རེ་ཟུང་གི་ཐོག་ལ་བུ་ལས་བུ་མོ་རིག་པ་རྣོ་བ་དང། བུ་ལས་བུ་མོ་ཞིབ་ཆ་ཆེ་བ་ཧ་ཅང་གསལ་པོ་རེད། འོན་ཀྱང་ད་ལྟའི་ཆར་བུ་དང་བུ་མོ་མང་ཉུང་གཅིག་པ་ཡིན་པའི་ཚོགས་ར་ཞིག་ཏུ་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་པའི་དབང་དུ་བཏང་ན། བུ་མོ་བསམ་ཚུལ་བརྗོད་མཁན་ཧ་ཅང་དཀོན་ལ། གསར་ཤོག་དང་དྲ་རྒྱ་ཁག་ཏུ་བུ་མོ་རང་ཉིད་ཀྱི་བསམ་ཚུལ་འབྲི་མཁན་དེ་བས་ཀྱང་དཀོན་པོ་ཡིན། གནད་དོན་འདིའི་ཐོག་ནས་ངེས་པར་དུ་ཡར་རྒྱས་གཏོང་དགོས་པ་ཧ་ཅང་གལ་ཆེན་པོ་རེད།
ཕྱོགས་འདི་ནས་ནུབ་ཕྱོགས་པ་དང་བསྡུར་ན་བོད་པ་རྗེས་སུ་ལུས་ཡོད་པ་གསལ་པོ་ཡིན་པ་དང། དེའི་ཆེད་དུ་ཁྱིམ་ལས་ཉུང་དུ་གཏོང་དགོས་པའམ། ཐབས་ལམ་ག་འདྲ་ཞིག་འཚོལ་དགོས་ཀྱང་རུང། སྤྱི་ཚོགས་ཤིག་ཡར་རྒྱས་གཏོང་བར་ཕོ་མོ་འདྲ་མཉམ་དགོས་པ་དང། ཕོ་མོ་འདྲ་མཉམ་ཡོང་བར་ཤེས་ཡོན་དང་བློ་སྤོབས་གཅིག་མཚུངས་ཡིན་དགོས། དེ་ཡོང་བར་རང་ཉིད་ཀྱི་བསམ་ཚུལ་བརྗོད་པ་དང། རང་ཉིད་ཀྱི་ལྟ་ཚུལ་ལ་རང་ཉིད་ཀྱིས་གདེང་ཚོད་དང་ཡིད་ཆེས་ཡོད་པ་ཞིག་ཆགས་སོང་ན། གཏམ་བཤད་དང་རྩོམ་ཡིག་འབྲི་རྒྱུ་ཕྱོགས་གང་ཐད་ནས་རང་གི་ནུས་པ་ཕྱིར་མངོན་ཐུབ་ལ། དེ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྣེ་ཁྲིད་མཁན་དང། སྤྱི་ཚོགས་ལ་ཞི་བདེ་སྐྲུན་མཁན་གྱི་ནུས་པའང་བུ་ལས་བུད་མེད་ཆེ་བ་ཡོད་ཚུལ་མཁས་པ་མང་པོས་བརྗོད་པ་བཞིན་དོན་དུའང་འགྱུར་ངེས་རེད།
ཉེ་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དགེ་བཤེས་མའི་རྒྱུགས་སྤྲོད་ཐེངས་དང་པོ་འགོ་འཛུགས་བྱས་ཡོད་པ་དང། ལོ་དང་པོའི་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ཀྱང་ཡག་པོ་བྱུང་ཡོད། གནད་དོན་འདི་ལྟ་བུའི་ཐོག་ནས་ཕོ་མོ་གཉིས་ཀྱི་ནུས་པ་དང་འཇོན་ཐང་འདྲ་མཉམ་སླེབས་པར་སྐུལ་འདེད་བྱེད་ཐུབ་ལ། མ་འོངས་པར་ནང་པའི་ཆོས་ཀྱི་ཐོག་ནས་རྒྱུད་འཛིན་དར་སྤེལ་བྱེད་པའི་ནུས་པ་ཡོད་པའི་རླབས་ཆེན་གྱི་བུད་མེད་དེ་འདྲ་སྔོན་དང་མི་འདྲ་བའི་མང་པོ་གསོ་སྐྱོང་བྱེད་ཐུབ་པའི་རེ་བ་ཡོད། འདས་པའི་ལོ་རྒྱུས་ནང་ཆོས་ཕྱོགས་ནས་བོད་རིགས་བུད་མེད་འཇོན་ཐང་ཅན་གང་འཚམས་ཤིག་བྱུང་ཡོད་ཀྱང། སྐྱེས་པ་དང་བསྡུར་ན་ཧ་ཅང་ཉུང་ཉུང་ཡིན་པས། མ་འོངས་པར་གྲངས་ཚད་ཐོག་ནས་ཀྱང་སྐྱེས་པ་དང་གཅིག་མཚུངས་ཤིག་ཡོང་བར་ཤུགས་སྣོན་རྒྱག་དགོས། དེ་བཞིན་ཆབ་སྲིད་དང་དཔལ་འབྱོར་སོགས་ཕྱོགས་གང་ཐད་ནས་སྤྱི་ཚོགས་སྣེ་ཁྲིད་ཀྱི་ནུས་པ་ཡོད་པའི་བུད་མེད་མང་པོ་གསོ་སྐྱོང་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད།།
