༄༅།།སྤྲོ་ཚེའི་ཆང་ཁང་ནས་བྲིས་པའི་རང་རྩོམ་ཐོར་བུ།།

ནང་གི་ཨ་མ་ཆང་མ།།
ཆང་གི་བཟི་ནས་བཞུགས་འདུག།།
དམ་བེའི་ནང་གི་མཆོད་ཆང་།།
ག་ཚོད་མཆོད་མཆོད་རེད་འདུག



མཆོད་ཆང་གཙང་མ་མཆོད་པར།།
ཆང་མ་མེད་ན་མི་འགྲིག།།
དྲྭ་གྲོགས་ངུ་ལ་མེ་ཏོག།།
མཆོད་ཆང་ཞཱུ་རུ་ཕེབས་ཤོག

རྫ་རི་སྨུག་པའི་འདབས་ནས།།
ཆང་ཁག་གྲུ་བཞིའི་ནང་དུ།
སྙན་པའི་གླུ་དབྱངས་ལེན་བཞིན།།
མཆོད་ཆང་མཆོད་པ་དྲན་བྱུང་།།

ཁ་སང་སྙན་པའི་གསུང་དབྱངས།།
དེ་རིང་སླར་ཡང་ཉན་ཡོད།།
སེམས་ཀྱི་གཡང་དཀར་ལུ་གུ།
ཁྱེད་ཀྱི་ཕྱོགས་ལ་འཁོར་སོང་།།

དེ་རིང་སྟག་རྒོད་སེམས་ལ།།
བྱམས་དང་བརྩེ་བས་འགོས་འདུག།།
རྒྱང་རིང་གཡང་དཀར་ལུ་གུ།།
སླར་ཡང་མཇལ་ན་བསམ་ཡོད།།

སྟག་རྒོད་ལྟོགས་པ་་མ་རེད།།
མཆོད་ཆང་དབྱངས་ཀྱི་བཟི་སོང་།།
ཆང་ནད་ཆང་གིས་བསལ་དགོས།།
རྒྱང་རིང་ལུ་གུ་ཕེབས་ཤོག

རིན་ཆེན་གསེར་ལས་ལྷག་པའི།།
གཡང་དཀར་ལུ་གུའི་འབའ་སྒྲ།།
དེ་རིང་དགོས་དུས་མེད་པས།།
སེམས་པ་སྡུག་གིས་མནར་སོང་།།

ཁ་སང་གཡང་དཀར་འབའ་སྒྲ།།
བསམ་བསམ་མེད་པའི་གྲགས་བྱུང་།།
དེ་རིང་དགོས་པའི་དུས་སུ།།
དགུང་སྔོན་དབྱིངས་སུ་འཐིམས་སོང་།།

ཁ་སང་བཏུང་བའི་་མཆོད་ཆང་།།
དེ་རིང་སྐོམ་པ་མི་བསལ།།
དེ་ལས་གཡང་དཀར་་ལུ་གུ།།
ཁོ་བོའི་ཕྱོགས་ལ་ཕེབས་དང་།།

རི་བོང་བསད་པའི་ཁྲག་ལས།།
ལུག་གུ་འོ་མ་ཞིམ་པ།།
སྔར་སོང་འགྱོད་བཤགས་བྱས་ནས།།
གཡང་དཀར་ལུ་གུ་སྒུག་ཡོད།།

བལ་ཡུལ་སྤྲོ་ཚེ་ལགས་ཀྱིས།།
ཉེས་མེད་སྒྲོ་འདོགས་མ་གནང།།
དེ་རིང་སྟག་གི་སེམས་པ།།
ལུག་གུ་བལ་ལས་འཇམ་པ།།

རི་བོའི་རྩེ་རུང་སོང་ནས།།
རྫ་ཆུ་སིལ་་མ་བཏུང་ཡོད།།
ལུང་པའི་འདབ་ལ་སོང་ནས།
།རི་བོང་སྙིང་ཁྲག་བཏུང་ཡོད།།

འོན་ཀྱང་སྐོམ་པའི་ན་ཟུག།།
ད་དུང་བསལ་ཐབས་མི་འདུག།།
ལུ་གུའི་འབའ་སྒྲ་མེད་ན།།
རང་སྲོག་ཤོར་ཉེན་འདུག་གོ།།

འབྲི་ཡི་གྲུབ་ཆེན་སྤྲོ་ཚེ།།
སྙན་དབྱངས་མཚམས་འཇོགས་མ་་བྱེད།།
ད་ལྟ་སྟག་རྒོད་ང་ལ།།
སྐྱོ་རོགས་ཁྱོད་ལས་མེད་དོ།།

ཨ་མ་ཆང་མ་མེད་པས།།
སྤྲོ་ཚེ་རྒྱང་ལ་བརླགས་སོང་།།
གྲོགས་མེད་སྟག་རྒོད་ངུ་སྐད།།
ཉན་མཁན་སྲིད་འདིར་མི་འདུག།།
སྤྱི་ལོ་༢༠༡༣ཟླ་བ་༧ཚེས་༡༨ཉིན་བྲིས།