༧གོང་ས་མཆོག་འབྲས་སྤུངས་ནས་ཆིབས་བསྒྱུར།

རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཌི་རུ་༧གོང་ས་མཆོག་གི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ། ཕྱི་ཟླ་༧ ཚེས་༢༥ ཉིན་མོན་གྷོ་ཌི་ནས་ཆིབས་བསྒྱུར་གནང་སྟེ། རྒྱ་གར་ལྷོ་ཕྱོགས་པོའུ་ན་གྲོང་ཁྱེར་དུ་་ཆིབས་བསྒྱུར་གནང་ཡོད་པ་རེད།

ཟླ་འདིའི་ཚེས་༢༣ ཉིན་སྔ་དྲོ་ཚུ་ཚོད་༨ གོང་ས་མཆོག་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་ཚོགས་ཆེན་འདུ་ཁང་དུ་ཆིབས་བསྒྱུར་སྐབས། དགའ་ཤར་མཁན་རིན་པོ་ཆེ་བྱང་ཆུབ་ཆོས་ལྡན་གྱི་གཙོས་མཁན་ལས་ཟུར་རྣམ་པས་མཇལ་དར་གྱི་སྣེ་བསུས་ཏེ་གདན་འདྲེན་ཞུས་ནས་ཕེབས་པ་དང་། མདུན་གྲལ་གཡས་སུ་འབག་ཚ་ནས་ཕེབས་པའི་དགོང་ལོ་བགྲེས་སོང་ཁག་ལ་༧གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་ཐོག་ནས་རེ་རེ་བཞིན་ད་ལྟའི་གནས་སྟངས་དང་ལོ་ཚོད་སོགས་ཀྱི་སྐོར་ལ་བཀའ་འདྲི་གནང་སོང་།  དེའི་ནང་ན་དགུང་ལོ་༩༧ ཡིན་པ་གཉིས་འདུག་ལ།  ༧གོང་ས་མཆོག་གིས་ཚེ་རིང་པོ་ཞེ་དྲགས་བསྡད་འདུག་ཧ་ཅང་ཡག་པོ་རེད་ཅེས་གསུངས་ཡོད་པ་རེད།

དེ་ནས་༧གོང་ས་མཆོག་གིས་འདུ་ཁང་ནང་གི་རྟེན་གཙོ་བོ་དང་མགོན་ཁང་བཅས་སུ་མཆོད་མཇལ་དང་རབ་གནས་སོགས་གནང་གྲུབ་པ་དང་། བཞུགས་ཁྲིར་འཁོད་མཚམས་སུ་དགའ་ཤར་མཁན་པོ་བྱང་ཆུབ་ཆོས་ལྡན་གྱིས་༧གོང་ས་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་དགའ་ཤར་གྲྭ་ཚང་གི་ལོ་འཁོར་ལས་བསྡོམས་མཁན་པོས་སྒྲོགས་སྦྱང་གནང་སོང་ལ།

དེ་ནས་༧གོང་ས་མཆོག་གིས་དགེ་འདུན་པ་ཚོར་བཀའ་སློབ་གནང་དོན།   “དེ་རིང་ང་འདིར་ཡོང་དོན་ནམ་དམིགས་ཡུལ་གཙོ་བོ་དེ་བསྙེན་རྫོགས་བསྒྲུབ་རྒྱུའི་ཆེད་དུ་རེད།  འདིར་དགའ་ལྡན་ཤར་རྩེ་གྲྭ་ཚང་ལ་ཡོང་རྒྱུ་བྱུང་བ་རེད་ཧ་ཅང་དགའ་བོ་བྱུང་། བར་ལམ་ཤར་རྩེ་གྲྭ་ཚང་ལ་དཀའ་ངལ་ཆེན་པོ་འཕྲད་པ་རེད།  ཡིན་ན་ཡང་དཀའ་ངལ་དེ་དག་ད་ལྟ་ཚར་བ་རེད།  དཀའ་ངལ་དེ་འཕྲད་པའི་སྐབས་སུ་ཤར་རྩེ་གྲྭ་ཚང་གི་གྲྭ་མང་ཡོངས་རྫོགས་ཀྱི་ངོས་ནས་ལངས་ཕྱོགས་མ་ནོར་བའི་ཐོག་ནས་དགའ་ལྡན་ཕོ་བྲང་དང་༧རྒྱལ་བ་རིན་པོ་ཆེའི་ཕྱོགས་སུ་གསལ་བོ་བྱས་ནས་ལངས་པ་རེད། ཞེ་དྲགས་ཡག་པོ་རེད།  ཁྱེད་རང་ཚོར་དཀའ་ངལ་ཆེན་པོ་འཕྲད་པ་རེད་དེ་དཀའ་ངལ་ལ་གདོང་ལེན་བྱས་ནས་དེ་ལྟར་གནང་བར་བསྔགས་བརྗོད་ཞུ་ཡི་ཡོད་”ཅེས་གསུངས་སོང་།

༧གོང་ས་མཆོག་གིས་མུ་མཐུད་ནས་གསུང་དོན།  “ངས་དོར་རྒྱལ་བཀག་སྡོམས་བྱས་པ་དེ་བསམ་རྡུང་དྲན་འཆལ་བྱས་ནས་མིན་ལ།  ཐོག་མ་ངས་ཀྱང་ནོར་འཁྲུལ་བྱས་པ་རེད།  ངས་ནོར་འཁྲུལ་དེ་ཡིན་པ་ཤེས་ཡོང་དུས་རྒྱུ་མཚན་ཡོད་མེད་ལ་དཔྱད་པ་བྱས་ནས་ཤེས་ཡོང་སྐབས་ང་རང་གིས་མཚམས་བཞག་ནས་གཞན་དག་ལ་ཡང་མཚམས་འཇོག་དགོས་པ་རེད་ཅེས་ལབ་པ་རེད།  ད་ལྟ་གནས་ཚུལ་འདི་འདྲ་ཞིག་ལ་སླེབ་བསྡད་ཡོད་རེད།  མ་གཞི་བསྐྱར་བཟློས་ཡང་བཤད་བྱེད་དགོས་པ་ཡོད་མ་རེད།  ང་རང་ཚོ་ཚང་མའི་ཤེས་ཀྱི་ཡོད་རེད།  ཁྱེད་རང་ཚོ་ཐུགས་བདེ་བོ་གནང་རོགས།  དགའ་བོ་བྱུང་།  དེ་རིང་ཡོང་དོན་གཙོ་བསྙེན་རྫོགས་ཡིན་པས་དེ་ག་ཡིན་”ཞེས་གསུངས་སོང་།

དེ་བཞིན་ཕྱི་ཚེས་༢༤ ཉིན་གྱི་ཞོགས་པ་ཆུ་ཚོད་༧གོང་ས་མཆོག་གིས་དགའ་ལྡན་བླ་སྤྱི་ནས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་འདུན་པ་རྣམས་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་འགོ་བརྩམས་སོང་ལ།   བསྙེན་རྫོགས་བསྒྲུབ་བྱའི་དགེ་འདུན་པ་ཚོར་བསྙེན་རྫོགས་བསྒྲུབ་ཚར་བ་དང་སྔར་བཞིན་༧གོང་ས་མཆོག་གིས་བསམ་བློ་དང་ཀུན་སྤྱོད་ཁུར་སྟངས་སོགས་ཀྱི་སྐོར་དང་།   གལ་ཆེ་ཤོས་གདན་ས་འདི་དག་སློབ་གཉེར་བྱེད་སའི་ལྟེ་གནས་ཡིན་པས་བསླབ་པ་སློབ་གཉེར་ཧུར་ཐག་གནང་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པའི་སྐོར་ལ་བཀའ་སློབ་གནང་སོང་།

ཉིན་འདིའི་ཉིན་རྒྱབ་ཆུ་ཚོད་༢ པའི་ཐོག་དགའ་ལྡན་བླ་སྤྱིའི་འདུ་ཁང་ནང་༧གོང་ས་མཆོག་ལ། དགའ་ལྡན་ཤར་བྱང་གཉིས་ཀྱི་དགེ་འདུན་པ་ཁག་གཅིག་གིས་གཞུང་ཆེན་བཀའ་པོད་ལྔའི་ཐོག་ནས་དམ་བཅའ་རྩོད་རྒྱུག་གཟིགས་འབུལ་གནང་གྲུབ་པ་དང་ཆབས་ཅིག་༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གནང་དོན། “ང་རང་ཚོའི་ཆོས་དང་རིག་གཞུང་དེ་དག་མི་ཉམས་རྒྱུད་འཛིན་ཡག་པོ་ཞིག་བྱེད་ཐུབ་ན། མ་འོངས་པ་གཞིས་བྱེས་མཉམ་འཛོམས་ཏན་ཏན་ཡོང་གི་རེད།  བསྟན་པའི་མེ་རོ་གསོ་ཟེར་བ་ཞིག་ཤོད་ཀྱི་ཡོད་པ་བཞིན་བསྟན་པའི་མེ་རོ་གསོ་ཟེར་བ་དེ་ཡོང་གི་རེད།  ཁྱེད་རང་ཚོས་སློབ་གཉེར་ཡག་པོ་གནང་རོགས་”ཞེས་གསུངས་ཡོད་པ་རེད།

༧གོང་ས་མཆོག་གིས་དགེ་འདུན་པས་སྔོན་མ་ལས་ཀ་མང་པོ་བྱེད་དགོས་པ་མཐུན་རྐྱེན་སྐྱོ་པོ་ཡིན་སྐོར་དང་། ད་ལྟ་མཐུན་ཡག་ཏུ་སོང་ཡོད་སྐོར་དང་འབྲེལ་གསུངས་དོན། “མཐུན་རྐྱེན་བཟང་དུ་ཕྱིན་པའི་ཚོད་ཀྱི་སློབ་སྦྱོང་ཡག་ཏུ་འགྲོ་དགོས་པ་དེ་གལ་ཆེན་པོ་རེད།  དེ་མ་ཕྱིན་པར་ཡང་སྐབས་རེར་དྲ་རྒྱ་བརྒྱུད་ལམ་སོགས་ལ་མགོ་འཁོར་ནས་དུས་ཚོད་མང་པོ་ཞིག་དེ་འདྲའི་ཐོག་ལ་འཕྲོ་བརླག་ཕྱིན་པ་ཡིན་ན།    དེ་ཉེན་ཁ་ཚ་བོ་ཞེ་དྲགས་རེད། དེང་སང་ཨ་རི་སོགས་ཡར་ཐོན་ཅན་གྱི་རྒྱལ་ཁབ་མང་པོ་ཞིག་གི་བུ་ཕྲུག་ཚོསདུས་ཚོད་འཕྲུལ་ཆས་ཀྱི་ཐོག་བཏང་ནས། རིག་པའམ་བསམ་བློའི་ཐོག་ནས་ཡིན་པ་དང་མ་ཡིན་པའི་བར་ལ་དཔྱད་པ་བྱེད་རྒྱུའི་སྲོལ་རྒྱུན་གྱི་གོམས་གཤིས་དེ་མེད་པ་ཆགས་འགྲོ་ཡི་ཡོད་པའི་སྐྱོན་མང་པོ་ཞིག་ཁོ་རང་ཚོའི་མཐོང་གི་ཡོད་རེད།  དེ་འདྲའི་སྐྱོན་མང་པོ་མཐོང་གི་ཡོད་པ་དེར་ང་ཚོས་རྩ་ཆེན་པོ་ཞིག་རག་སོང་མདོག་མདོག་བྱས་ནས་དེའི་རྗེས་སུ་བརྒྱུག་བསྡད་ན་ནོར་འཁྲུལ་རེད།  དེ་འདྲའི་རིགས་ལ་གཟབ་གཟབ་གནང་དགོས་པ་གལ་ཆེན་པོ་རེད་”ཅེས་གསུངས་སོང་།

ཟླ་འདིའི་ཚེས་༡༧ ནས་༢༥ གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀརྞ་ཌའི་མཁའ་ཁུལ་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ནས། དགེ་འདུན་པ་༧༢༠ ཙམ་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་ཡོད་པ་དང་།  དེ་ཡང་ཐེངས་འདིར་ཁྱོན་བསྡོམས་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་སེར་འབྲས་དགའ་གསུམ་གཙོས་གདན་ས་གྲྭ་ཚང་ཡོངས་ཀྱི་དགེ་འདུན་པ་༡༠༡༧ ཙམ་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་གྲུབ་པ་མ་ཟད་མི་མང་ལ་བཀའ་དབང་བཀའ་སློབ་ལམ་སྟོན་གནང་བ་སོགས་ཀྱི་མཛད་རིམ་ཁག་ལེགས་པར་གྲུབ་ནས། ཟླ་འདིའི་ཚེས་༢༥ ཉིན་གྱི་ཞོགས་པ་ཆུ་ཚོད་༦ པའི་ཐོག་རྒྱ་གར་ལྷོ་ཕྱོགས་པོའུ་ན་གྲོང་ཁྱེར་དུ་ཆིབས་ཐོན་གནང་ཡོད་པ་རེད་ལ། དེར་ཕྱི་ཚེས་༢༦ ནས་༢༨ བར་ཉིན་གསུམ་རིང་༧གོང་ས་མཆོག་ལ་མཛད་འཆར་ཡོད་པ་རེད་འདུག །

མོན་གྷོ་གསར་འགོད་པས།