མཛོད་དགེ་སོག་ཚང་དགོན་དུ་གྲྭ་ཡོན་ཏན་རྒྱ་མཚོ་འཛིན་བཟུང་།
ཕྱི་ཟླ་༧པའི་ཚེས་༣༡ཉིན་གུང་ཆུ་ཚོད་༡:༣༠ ཡས་མས་ལ་ཡང་བསྐྱར་བོད་མདོ་སྨད་མཛོད་དགེ། ཐང་སྐོར་དགོན་པའི་དགེ་འདུན་པ་ཞིག་རྒྱ་གཞུང་གིས་གློ་བུར་བཙན་བཟུང་བྱས་འདུག
འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ཟླ་༧ ཚེས་༣༡ ཉིན་འཛིན་བཟུང་བཀག་ཉར་བྱས་པའི་གྲྭ་པ་དེའི་མིང་ལ་ཡོན་ཏན་ནམ་ཡོན་ཏན་རྒྱ་མཚོ་ཟེར་ཞིང་། རང་ལོ་༣༥ ཡིན་འདུག ཁོང་ཐང་སྐོར་རུ་ཁག་གཉིས་པ་ནས་ཡིན་པ་དང་། དེ་ནི་རྒྱ་གཞུང་གིས་ཐང་སྐོར་དགོན་གྲོང་གཉིས་ནས་ཟླ་བ་༧ པའི་ནང་བསྡོམས་པའི་བོད་མི་༢༡ ཙམ་འཛིན་བཟུང་བཀག་ཉར་བྱས་པའི་ནང་ནས་མི་༩ ད་ལྟ་གར་ཡོད་ཆ་མེད་གྱུར་ཡོད་འདུག ཁོང་ཚོའི་ནང་མི་ཡོངས་ཀྱིས་སེམས་སྡུག་ཆེན་པོ་བྱེད་བཞིན་འདུག་པ་དང་ཐང་སྐོར་མི་མང་གིས་རྒྱ་གཞུང་གི་གཡོ་རྒྱུའི་ཁྲིམས་ལུགས་ལ་ཧ་ཅང་གིས་བློ་ཕམ་དང་ཡིད་ཐང་ཆད་བྱེད་བཞིན་ཡོད་པ་དང་ཞིང་ཆེན་དང་། རྔ་བ་ཁུལ་སྲིད་གཞུང་གི་མི་དམངས་འབྲིང་རིམ་ཁྲིམས་ལས་ཁང་ནས་དགེ་འདུན་པ་ཁག་ཅིག་ཁྲིམས་ཐག་གཅོད་རྒྱུའི་གཡོ་ཇུས་ཞིག་འཐེན་བཞིན་ཡོད་འདུག་པ་འབྲེལ་ཡོད་ཀྱིས་འགྲེལ་བརྗོད་བྱས་འདུག
ཟླ་སྔོན་མའི་ཕྱི་ཚེས་ ༢༠ ཉིན་རྔ་པ་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་དགོན་པའི་རྒྱལ་གཅེས་དཔའ་བོ་གྲྭ་དཀོན་མཆོག་བསོད་ནམས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་གནང་སྟེ། འདས་གྲོངས་སུ་གྱུར་རྗེས། རྒྱ་གཞུང་གིས་སྔ་ཕྱི་མཛོད་དགེ་ཐང་སྐོར་སོག་ཚང་དགོན་པའི་དགེ་འདུན་པ་དང་སོག་ཚང་ཡུལ་ཚོའི་ཡུལ་མི་༩ འཛིན་བཟུང་བཙན་ཁྲིད་བྱས་ཏེ་ད་ལྟ་གར་ཡོད་ཆད་མེད་དུ་གྱུར་ཡོད་པ་རེད།།