འཛམ་གླིང་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན།

    ཚོགས་ཆེན་སྐབས་རྒྱལ་སྤྱིའི་དངུལ་གྱི་ཐེབས་རྩ་ཁང་ནས། དེང་སྐབས་འཛམ་གླིང་ནང་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་རྒྱལ་ཁབ་སྐྱོ་པོའི་རིགས་ལ་འགྲོ་གྲོན་ཆེད། ཨ་སྒོར་ཐེར་འབུམ་ ༧༥༠ མ་རྩར་བཞག་ཡོད་པ་དང་དེ་བཞིན་ཨ་སྒོར་ཐེར་འབུམ་ ༢༥༠ འཛམ་གླིང་ཚོང་འབྲེལ་གྱི་མ་དངུལ་ལ་བཞག་ཡོད་པ་རེད། ཚོགས་ཆེན་གྱི་གྲོས་ཆོད་ནང་ཁྲལ་གྱི་ལམ་ལུགས་ལ་སྟངས་འཛིན་འཐུས་ཚང་དགོས་པ་དང༌། མ་ལའི་ཤི་ཡ་སོགས་ཨེ་ཤ་ཡའི་རྒྱལ་ཁབ་འགའ་རེས་རྒྱལ་སྤྱིའི་ཉམས་གསོའི་ལངས་ཕྱོགས་ལ་བརྩི་བཀུར་དང་ལག་ལེན་སོགས་བྱེད་ཀྱི་མི་འདུག་པས། མ་འོངས་པར་དེ་ལྟར་རྒྱུན་གནས་བྱས་ཚེ་རྒྱལ་སྤྱིའི་ཐོག་ནས་ཉེས་ཆད་གཅོད་དགོས་པ་སོགས་ཀྱི་གྲོས་ཆོད་བཞག་ཡོད་པ་དང༌།    འདི་ལོའི་ཟླ་བ་ ༩ པའི་ནང་ཨ་རིའི་རྒྱལ་ས་ནིའུ་ཡོག་ཏུ་རྒྱལ་སྤྱིའི་ཚོགས་ཆེན་ཞིག་འཚོག་གཏན་འཁེལ་ཡོད་པས། སྐབས་དེར་རྒྱལ་ཁབ་མང་པོས་ཆ་ཤས་བླངས་ཏེ་འཛམ་གླིང་དཔལ་འབྱོར་ཉམས་གུད་ཀྱི་དཀའ་ངལ་སེལ་ཐབས་སུ་ལེགས་སྐྱེས་འབུལ་དགོས་ཚུལ་གྱི་གྲོས་བསྡུར་ཡང་བྱུང་ཡོད་པ་རེད།
    རྒྱ་གར་གྱི་སྲིད་བློན་མཆོག་གིས་གོ་སྐབས་འདི་དང་བསྟུན་ནས་དེང་སྐབས་པཱ་ཀི་སི་ཐན་དུ་འཇིགས་སྐུལ་རིང་ལུགས་པའི་བསྟི་གནས་ཆེན་པོ་ཡོད་པས། རྒྱ་གར་གཞུང་ཕྱོགས་ནས་འཛམ་གླིང་བདེ་འཇགས་དང་འབྲེལ་བའི་ལས་དོན་འདི་ལ་གདོང་ལེན་བྱེད་བཞིན་ཡོད་ཚུལ་གསུངས་སྐབས། ཨ་རིའི་ངོས་ནས་པཱ་ཀི་སི་ཐན་གྱིས་རང་ས་རང་གི་བདག་གིར་བྱེད་ཐུབ་ཐབས་ལ་ངེས་པར་དུ་འབད་བརྩོན་བྱེད་དགོས་པའི་སྐུལ་མ་གཏོང་གི་ཡོད་ལ། པཱ་ཀི་སི་ཐན་གཞུང་ཕྱོགས་ནས་རྒྱ་གར་གྱིས་འཇིགས་སྐུལ་རིང་ལུགས་ལ་གདོང་ལེན་བྱེད་པའི་ཐབས་ཇུས་དེ་ལ་དགའ་བསུ་ཞུ་དགོས་པའི་སྐུལ་མའང་གཏོང་གི་ཡོད་ཅེས་བརྗོད་ཡོད་པ་རེད།
    འཛམ་གླིང་གི་ཚོགས་ཆེན་དེ་མཇུག་བསྡུས་པའི་རྗེས་ནས་འཛམ་གླིང་དངུལ་ཁང་དང་རྒྱ་ནག་གི་བཟོ་གྲྭའི་ལས་རིགས། ཨ་རི་དང་ཡུ་རོབ་སོགས་རྒྱལ་ཁབ་ཆེ་ཁག་གི་ཚོང་ལས་སྡེ་ཚན་གྱི་ལས་མི་འགའ་རེས། ཚོགས་ཆེན་བསྐོངས་ཚོགས་བྱས་པ་དེ་ཡག་པོ་བྱུང་སོང་ཞེས་དགའ་འབོད་བྱེད་མཁན་ཡང་བྱུང་ཡོད་པ་དང༌། དབྱིན་ཇིའི་སྲིད་བློན་གྱིས་འཛམ་གླིང་མཉམ་འཛོམས་བྱས་པ་དེ་འཛམ་གླིང་སྤྱི་ལ་འཕྲད་པའི་དཀའ་ངལ་ལ་གདོང་ལེན་བྱེད་ཐབས་ཡིན་པས། འདི་བརྒྱུད་ནས་རིམ་གྱིས་དཀའ་ངལ་སེལ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུང་བཤད་གནང་ཡོད་པ་རེད།
    ཡིན་ནའང་ཚོགས་ཆེན་ཉིན་དང་པོ་འགོ་འཛུགས་བྱས་པ་དང་མཇུག་མ་བསྡུས་བར་ངོ་རྒོལ་བ་མི་དམངས་སྟོང་ཕྲག་མང་པོས་ཨི་རག་དང་ཨབ་གྷི་ནི་སི་ཐན་ནང་གི་དམག་ཆེན་གསུམ་པ་མཚམས་འཇོག་དགོས། པཱི་ལ་སི་ཊན་ལ་རང་དབང་དགོས། འཛམ་གླིང་དཔོན་རིགས་མ་རྩ་རིང་ལུགས་པ་ཚོས་ལས་ཀ་འཐུས་ཚང་བྱེད་ཀྱི་མི་འདུག དམངས་གཙོ་ཟེར་བ་མིང་ཙམ་རེད་འདུག་ཟེར་བ་སོགས་ངོ་རྒོལ་ཤུགས་ཆེ་བྱས་པས། ཉེན་རྟོག་པས་མཆི་འདོན་འབར་རྫས་དང་དབྱུག་པ་སོགས་གཞུས་ནས་ངོ་རྒོལ་བ་འགའ་རེར་རྨས་སྐྱོན་ཕོག་ཡོད་པ་རེད།
    ཚོགས་ཆེན་སྐབས་རྒྱལ་ཁབ་མཐུན་ཕྱོགས་ཚོས་གོ་སྐབས་བཙལ་ཏེ་དམིགས་བསལ་གྱིས་འདུ་འཛོམས་བྱས་ཡོད་པ་དང༌། དེའི་ནང་ནས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དབྱིན་ཇིའི་ལུང་པར་ཕེབས་པ་དང་པོ་ཡིན་པས། དབྱིན་ཇིའི་སྲིད་བློན་གཉིས་ཀྱིས་དམིགས་བསལ་གསར་འགོད་ལྷན་ཚོགས་བསྐོངས་ཚོགས་བྱས་ཡོད་པ་དང༌། སྲིད་འཛིན་ཨོ་བྷ་མའི་ལྕམ་གྱིས་དབྱིན་ལན་སློབ་གྲྭ་ཞིག་ཏུ་གཏམ་བཤད་གནང་ཡོད་པའི་ནང༌། མི་རིགས་ནག་པོ་ཨ་རིའི་ཕོ་བྲང་སླེབས་མཁན་ཁོ་མོ་དང་པོ་ཡིན་ཚུལ་དང༌། ཇི་ལྟར་བྱས་ཏེ་རང་ཉིད་ནུས་ཤུགས་ཅན་ཆགས་ཐབས། སློབ་སྦྱོང་གི་དམིགས་ཡུལ་འཛིན་སྟངས་སོགས་ལ་སློབ་གསོ་བརྒྱབ་ཏེ་ཡུལ་དེའི་མི་མང་པོས་དགའ་བསུ་ཞུས་ཡོད་པ་རེད།