ཀ་རྩོམ་ཐོལ་རྒྱག་མ།

ཅ་ཅོ་བཤད་ལ་དགའ་བ་ཙམ་ལས༎

ཆ་རྒྱུས་ཡོད་པའི་གནས་ལུགས་མི་ཤེས༎

ཇ་དང་ཁ་ལག་རག་ཙམ་བྱུང་དུས༎

ཉ་བ་བཞིན་དུ་དགའ་ཐག་ཆོད་འགྲོ༎ 

 

ཏ་རེ་མི་ཆེན་གྲས་མ་མི་ཚུད༎

ཐ་ཤལ་སྐྱེ་བོའི་གྲལ་གསེབ་འཚང་ནས༎

ད་དུང་གཞན་སྐྱོན་འཚོལ་ཁུལ་བྱེད་པ༎

ན་གཞོན་འདི་ཚོ་ངོ་མ་ཤ་ཚ༎ 

 

པ་ལོ་བསགས་ནས་གྲྭ་ལོག་ཆགས་རྗེས༎

ཕ་རྒན་ཚོ་དང་མཉམ་དུ་འཛོམས་ནས༎

བ་གླང་ཉོ་ཚོང་ཙམ་རེ་འཇོན་པའི༎

མ་རབས་འདི་ཚོ་ངོ་མ་ཤ་ཚ༎ 

 

ཙ་གི་ཙི་གི་འཚོང་འདྲ་བཤད་ནས༎

ཚ་གི་ཚི་གི་གཡམ་རྒྱུག་བྱེད་བཞིན༎

ཛ་རེ་ཛོ་རེ་མི་ཚེ་སྐྱེལ་བའི༎

ཝ་མོ་འདི་ཚོ་ངོ་མ་ཤ་ཚ༎ 

 

ཞ་ལྟར་འཁྱོགས་པའི་ཕྱོགས་རེས་ཆེ་བ༎

ཟ་འདྲེ་ཇི་བཞིན་གཞན་ལ་གནོད་པ༎

འ་རེ་འི་རེ་བཀྲུགས་ཤིང་རྒྱག་མཁན༎

ཡ་མེད་འདི་ཚོ་ངོ་མ་ཤ་ཚ༎ 

 

ར་དང་ལུག་བཞིན་མགོ་བོ་རྨོངས་ཀྱང༌༎

ལ་ལའི་མདུན་སར་མཁས་པར་བརྫུས་ཏེ༎

ཤ་རུས་གཅིག་པའི་ནང་ཁུལ་བཀྲུགས་མཁན༎

ས་མཐའི་ཁྱི་རྒན་འདི་ཚོ་ཤ་ཚ༎ 

 

ཧ་རེ་ཧོ་རེ་རྩེད་མོའི་ཟོལ་གྱིས༎

ཨ་མ་ཨོ་ལོ་བདེན་གཏམ་རེ་གཉིས༎

ཀ་ཕྲེང་སྒྲིག་པའི་ཕལ་རྩོམ་ནང་དུ༎

ཁ་སྐད་གོ་བདེའི་ཚིག་འགར་ཤོར་སོང༌༎ 

ལྡི་ལི་མ་ཇུག་ཊིག་ལ་པོ་ཏ་ལ་མགྲོན་ཁང་དུ་བྲིས། གྲོགས་པོ་ཚོ་དུས་ཚོད་འདྲ་ཡོད་ན་མུ་མཐུད་རོགས།