སྐབས་བཅོ་ལྔ་པའི་རྒྱ་གར་འོས་བསྡུ་ཆེན་པོ།
ཕྱི་ཟླ་བཞི་པའི་ཚེས་༡༦ ནས་ལྔ་པའི་ཚེས་༡༣ ནང་ཚུད་དུ་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་ཡོངས་སུ་མཇུག་བསྒྲིལ་འཆར་ཡོད་པ་དང༌། དེ་བཞིན་འོས་བསྡུའི་གྲུབ་འབྲས་ཁྱབ་བསྒྲགས་ཕྱི་ཟླ་༥ པའི་ཚེས་༡༦ ཉིན་གནང་གཏན་འཁེལ་ཡོད་པ་རེད། སྤྱིའི་ཆ་ནས་རྒྱ་གར་གྱི་ཆབ་སྲིད་པ་ཁག་གིས་ལས་འགུལ་འདྲ་མིན་སྣ་ཚོགས་སྤེལ་བཞིན་ཡོད་ནའང༌། ཆབ་སྲིད་ཚོགས་པ་རང་རྐྱ་བ་ཞིག་ལ་གཞུང་འཛིན་དབང་ཆ་ཐོབ་རྒྱུ་ཧ་ཅང་ཁག་པོ་ཡིན་པ་བརྟེན། དེང་སྐབས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཆེ་ཁག་གིས་ཆབ་སྲིད་ཚོགས་པ་ཆུང་ཁག་དང་ཟླ་སྒྲིལ་གྱིས་གཞུང་འཛིན་གྱི་དབང་ཆ་རག་ཐབས་བྱེད་བཞིན་ཡོད་པ་རེད།
ཕྱི་ལོ་༡༩༩༩ རྒྱ་གར་གྱི་ཆབ་སྲིད་ཚོགས་པ་བྷི་ཇིའི་བྷི་ཡིས་གཙོས་ཆབ་སྲིད་ཚོགས་པ་ཆུང་ཁག་དང་ཟླ་སྒྲིལ་གྱིས་རྒྱ་གར་རྒྱལ་ཡོངས་མང་གཙོ་ཚོགས་པ་ཟེར་བ་ཞིག་གསར་དུ་བཙུགས་ཏེ། སྐབས་༡༣ པའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ནས་རྒྱལ་ཁ་ཐོབ་སྟེ་ཕྱི་ལོ་༢༠༠༣ བར་གཞུང་འཛིན་གྱི་འགན་ཁུར་བླངས་ཡོད་པ་རེད།
ཕྱི་ལོ་༢༠༠༤ ལོའི་རྒྱ་གར་འོས་བསྡུ་ཆེན་མོ་༡༤ པའི་སྐབས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཁན་གྷི་རི་སིས། བྷི་ཇི་བྷི་ཆབ་སྲིད་ཚོགས་པ་ཆུང་ཁག་དང་ཟླ་སྒྲིལ་མྱོང་བ་ལ་དཔེ་བལྟས་ཏེ། ཁན་གྷི་རི་སིས་ཆབ་སྲིད་ཚོགས་པ་ཆུང་ཁག་དང་ཟླ་སྒྲིལ་བྱ་ཏེ་ཆིག་སྒྲིལ་ཡར་ཐོན་ཚོགས་པ་ཟེར་བ་ཞིག་གསར་དུ་བཙུགས་པ་དང། སྐབས་༡༤ པའི་འོས་བསྡུ་ཆེན་པོ་ནས་རྒྱལ་ཁ་ཐོབ་སྟེ་ད་ལྟའི་བར་ཁན་གྷི་རི་སི་ཆབ་སྲིད་ཚོགས་པས། རྒྱ་གར་དབུས་གཞུང་གི་འཛིན་སྐྱོང་གི་འགན་ཁུར་བཞིན་ཡོད་ནའང༌། དེང་སྐབས་ཁན་གྷི་རི་སིའི་ཆིག་སྒྲིལ་ཡར་ཐོན་ཚོགས་པའི་འོག་ཏུ་ཡོད་པའི་ཆབ་སྲིད་ཚོགས་པ་ཆུང་ཁག་འགའ་ཕྱིར་འཐེན་བརྒྱབ་ཡོད་པ་རེད།
རྒྱ་གར་དམར་ཕྱོགས་ཚོགས་པ་ཁན་གྷི་རི་སིའི་ཆིག་སྒྲིལ་ཡར་ཐོན་ཚོགས་པ་ནས་ཕྱིར་འཐེན་བརྒྱབ་སྟེ། ལྟ་གྲུབ་གཅིག་མཐུན་ཚོགས་པ་ཟེར་བ་བཙུགས་ནས་དེང་སྐབས་འདིས་གཞུང་འཛིན་སྐྱོང་གི་རྐུབ་སྟེགས་རག་ཐབས་ལ་ལས་འགུལ་སྤེལ་བཞིན་ཡོད་པ་རེད། རྒྱ་གར་དམར་ཕྱོགས་ཚོགས་པ་སྔོན་མ་ཁན་གྷི་རི་སིའི་ཆིག་སྒྲིལ་ཡར་ཐོན་ཚོགས་པའི་འོག་ཏུ་ཡོད་ནའང༌། ཁན་གྷི་རི་སི་ཆབ་སྲིད་ཚོགས་པ་དང་ཨ་རི་གཉིས་དབར་རྡུལ་ཕྲན་མཚོན་ཆའི་ཚོང་འབྲེལ་འགོ་བཙུགས་ནས་བཟུང༌། རྒྱ་གར་དམར་ཕྱོགས་ཚོགས་པའི་ལྟ་གྲུབ་དང་རྒྱབ་འགལ་སོང་བ་རྒྱུ་མཚན་དུ་བྱས་ནས་ཕྱིར་འཐེན་བརྒྱབ་དགོས་བྱུང་བ་རེད།
དེང་སྐབས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཆེ་ཤོས་ཁན་གྷི་རི་སིར་རྒྱལ་ཁ་ཐོབ་ན་སྲིད་བློན་རང་འཇགས་ཡིན་པ་དྲིལ་བསྒྲགས་བྱས་ཡོད་པ་དང༌། དེ་བཞིན་བྷི་ཇི་བྷི་ལ་རྒྱལ་ཁ་ཐོབ་ན་ཨ་དི་ཝ་ནིས་སྲིད་བློན་གྱི་འོས་མིག་ལ་བཏོན་ཡོད་པ་རེད། ཡིན་ནའང་རྒྱ་གར་གྱི་དམར་ཕྱོགས་ཚོགས་པ་གཙོ་བོར་གྱུར་པའི་ལྟ་གྲུབ་གཅིག་མཐུན་ཚོགས་པ་ལ་རྒྱལ་ཁ་ཐོབ་པའི་དབང་དུ་བཏང་ནའང༌། ད་ལྟའི་བར་སྲིད་བློན་གྱི་འོས་དམིགས་བཏོན་མེད་པ་རེད།
ཆབ་སྲིད་པ་རེ་གཉིས་ཀྱིས་རྒྱ་གར་གྱི་ལྟ་གྲུབ་གཅིག་མཐུན་ཚོགས་པ་དང་རྒྱ་གར་གྱི་ཡུས་པའི་མངའ་སྡེའི་བློན་ཆེན་གཉིས་འབྲེལ་བ་ཧ་ཅང་བཟང་པོ་ཡོད་པས། གལ་སྲིད་ལྟ་གྲུབ་གཅིག་མཐུན་ཚོགས་པ་ལ་རྒྱལ་ཁ་ཐོབ་ན་ཡུས་པའི་མངའ་སྡེའི་བློན་ཆེན་མ་ཡཱ་ཝ་ཏིས་སྲིད་བློན་གྱི་རྐུབ་སྟེགས་འཛིན་འཆར་ཡོད་པ་རེད་ཅེས་བརྗོད་ཡོད་པ་རེད།
རྒྱ་གར་དམར་ཕྱོགས་ཚོགས་པས། གལ་སྲིད་ལྟ་གྲུབ་གཅིག་མཐུན་ཚོགས་པས་ཁེར་རྐྱང་གིས་ལས་འགུལ་སྤེལ་མ་ཐུབ་ན། ཁན་གྷི་རི་སིའི་ཆབ་སྲིད་ཚོགས་པའི་འོག་ཏུ་འཛུལ་ནས་ཟླ་སྒྲིལ་བྱེད་འཆར་ཡོད་པ་ལས། བྷི་ཇི་བྷི་ཆབ་སྲིད་ཚོགས་པ་ཆོས་ལུགས་རིས་མེད་ཀྱི་ལྟ་གྲུབ་འཛིན་མཁན་མིན་པས། ནམ་ཡང་ཆབ་སྲིད་ཚོགས་པ་དེ་དང་ཟླ་སྒྲིལ་བྱེད་འདོད་མེད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད། གསར་འགྱུར་དབྱེ་ཞིབ་པ་ཚོས་བརྗོད་གསལ་ལྟར་ན། རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཆེ་ཤོས་ཁན་གྷི་རི་སི་དང་བྷི་ཇི་བྷི་གཉིས་གང་རུང་གིས་གཞུང་འཛིན་དགོས་པ་ལས། དེ་མིན་ལྟ་གྲུབ་གཅིག་མཐུན་ཚོགས་པ་སོགས་ཆབ་སྲིད་ཀྱི་ཚོགས་པ་རེ་འགའ་བས། ནམ་ཡང་གཞུང་གི་འཛིན་སྐྱོང་ལས་ཁུར་བྱེད་ཐུབ་ཐབས་མེད་པ་རེད་ཅེས་གསར་ལམ་ཁག་ནས་གནས་ཚུལ་སྤེལ་ཡོད་པ་རེད།།