པཱ་ཀི་སི་ཐན་ལ་ཨ་སྒོར་ཐེར་འབུམ་གཅིག་སྤྲད་འདུག
པཱ་ཀི་སི་ཐན་སྲིད་འཛིན་གྱིས་ཉི་ཧོང་ཕྱོགས་ནས་དངུལ་འབོར་ཕོན་ཆེན་རོགས་རམ་གནང་བ་བཀའ་དྲིན་ཆེ་ཞུ་རྒྱུ་དང༌། པཱ་ཀི་སི་ཐན་གཞུང་ངོས་ནས་ལྷག་བསམ་རྣམ་དག་གིས་འཇིགས་སྐུལ་རིང་ལུགས་པ་ཡིབ་སྡོད་བྱེད་སའི་ས་ཁུལ་ཁག་ཏུ་སྟངས་འཛིན་ནན་པོ་བྱེད་རྒྱུ་དང༌། ད་དུང་རྒྱལ་ཁབ་གང་མང་ཞིག་གིས་པཱ་ཀི་སི་ཐན་དང་ཆིག་སྒྲིལ་གྱིས་འཇིགས་སྐུལ་རིང་ལུགས་དང་ཕྱོགས་ལྷུང་རིང་ལུགས་ལ་ངོ་རྒོལ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་བརྗོད་ཡོད་པ་རེད།
འཛམ་གླིང་དངུལ་ཁང་དང་ཉི་ཧོང་གཞུང་གཉིས་ཀྱིས་རྒྱལ་ཁབ་གྲངས་ ༣༠ ཙམ་གྱི་སྐྱོབ་གསོའི་ལྷན་ཚོགས་ཤིག་ཉི་ཧོང་གི་རྒྱལ་སར་བསྐོང་ཚོགས་བྱེད་འཆར་ཡོད་པའི་ནང༌པཱ་ཀི་སི་ཐན་གཞུང་ལ་འབྱུང་འགྱུར་ལོ་གྲངས་ ༢ ཀྱི་དངུལ་བུན་དང་རོགས་དངུལ་ཨ་སྒོར་ཐེར་འབུམ་ ༦ ཙམ་ཡོང་རྒྱུ་ཡིན་པ་ཚོད་རྩིས་བྱེད་བཞིན་ཡོད་པ་རེད། ཡིན་ནའང་ཉི་ཧོང་གི་གསར་འགྱུར་བརྒྱུད་ལམ་དང་བྷི་བྷི་སི་སོགས་ཀྱིས་བརྗོད་གསལ་ལ། ཉི་ཧོང་དུ་འཚོགས་རྒྱུའི་རྒྱལ་ཁབ་ ༣༠ ཙམ་གྱི་སྐུ་ཚབ་ཚོས། པཱ་ཀི་སི་ཐན་གཞུང་ངོས་ནས་དཔལ་འབྱོར་བསྒྱུར་བཅོས་དང་འཇིགས་སྐུལ་རིང་ལུགས་འགོག་རྒོལ་བྱེད་ཕྱོགས་སོགས་ཀྱི་ཐད། ཁས་ལེན་ཇི་ལྟར་བྱེད་འཆར་ཡོད་མེད་ཤེས་འདོད་བྱེད་མཁན་ཧ་ཅང་མང་པོ་ཡོད་ནའང༌། པཱ་ཀི་སི་ཐན་ངོས་ནས་ཨ་རི་དང་ཉི་ཧོང༌། རྒྱ་ནག ཨ་རབ་རྒྱལ་ཁབ་བཅས་ཀྱིས་གྲུབ་པའི་པཱ་ཀི་སི་ཐན་གྱི་མང་ཚོགས་པའི་གྲོགས་པོ་ལྷན་ཚོགས་ཟེར་བ་ཞིག་ཡོད་པ་དེ་ལ། པཱ་ཀི་སི་ཐན་གྱི་གཞུང་ངོས་ནས་འཇིགས་སྐུལ་རིང་ལུགས་འགོག་རྒོལ་གྱི་འཆར་འགོད་དང༌། མི་མང་གི་བདེ་འཇགས་བཅས་ཇི་ལྟར་ཡར་རྒྱས་གཏོང་ཐབས་ཀྱི་སྲིད་ཇུས་ཁྱབ་བསྒྲགས་བྱེད་རྒྱུའི་གྲ་སྒྲིག་ཆ་ཚང་ཡོད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།
ལོ་སྔོན་མ་རྒྱལ་སྤྱིའི་དངུལ་གྱི་ཐེབས་རྩ་ཁང་ནས་པཱ་ཀི་སི་ཐན་ལ་ཨ་སྒོར་ཐེར་འབུམ་ ༧ ལྷག་ཙམ་བདེ་འཇགས་སྲུང་སྐྱོབ་ཀྱི་ཆེད་དུ་དངུལ་བུན་བཏང་ཡོད་པ་དེ་ཚུལ་མཐུན་གྱིས་བེད་སྤྱོད་མེད་པའི་དོགས་གཞི་བྱུང་ཡོད་པས། ཉིན་འགའི་རྗེས་སུ་འཚོག་རྒྱུའི་ལྷན་ཚོགས་དེས། པཱ་ཀི་སི་ཐན་ལ་དངུལ་བུན་དང་རོགས་དངུལ་སྤྲད་འཆར་ཡོད་པ་རྣམས་པཱ་ཀི་སི་ཐན་གྱིས་ཕྱོགས་ལྷུང་རིང་ལུགས་པར་གཏོང་སྲིད་པའི་སེམས་འཚབ་བྱེད་མཁན་ཡང་མི་ཉུང་བ་ཞིག་བྱུང་ཡོད་པ་རེད། ཡིན་ནའང་པཱ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་གྱིས། པཱ་ཀི་སི་ཐན་གྱི་ས་མཚམས་ཁག་ཏུ་འཇིགས་སྐུལ་རིང་ལུགས་ཀྱི་དཀའ་ངལ་ཧ་ཅང་ཆེ་བས། རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་ཚང་མ་ཆིག་སྒྲིལ་གྱིས་པཱ་ཀི་སི་ཐན་གྱི་ས་མཚམས་ཁག་ཏུ་རོགས་སྐྱོར་བྱེད་དགོས་ཀྱིའདུག་ཅེས་ནན་བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
