བུད་མེད་གསར་འགོད་པ་གཉིས་འཇུ་བཟུང༌།

    དེ་ཡང་ཨ་རིའི་མི་སེར་ཀོ་རི་ཡའི་མི་རིགས་ཡིན་པ་ཨུས་ནཱ་ལའི་ཟེར་བ་དང༌། ཨ་རིའི་མི་སེར་རྒྱ་ནག་གི་མི་རིགས་ཡིན་པ་ལེའ་ར་ལིང་ཟེར་བ་གཉིས་བྱང་ཀོ་རི་ཡའི་ལུང་པ་ནས་ལྷོ་ཀོ་རི་ཡ་དང་རྒྱ་ནག་གཉིས་ཀྱི་ས་ཁུལ་དུ་སྐྱབས་བཅོལ་ལ་འགྲོ་མཁན་ཚོའི་སྐོར་གསར་འགྱུར་མཁོ་སྒྲུབ་བྱེད་སྐབས། བྱང་ཀོ་རི་ཡའི་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་དང༌། བྱང་ཀོ་རི་ཡའི་གཞུང་འབྲེལ་བརྙན་འཕྲིན་བརྒྱུད་ནས་གསར་འགོད་པ་གཉིས། འདི་ལོའི་ཟླ་བ་༦ ཚེས་༤ ཉིན་ཁྲིམས་གཏུགས་བྱས་ཏེ་གློད་གྲོལ་གཏོང་དགོས་མིན་ལྟ་རྒྱུ་ཡིན་པ་ལས་ད་ལྟའི་སྐབས་གློད་གྲོལ་གཏོང་རྒྱུ་མིན་པའི་གནས་ཚུལ་གསལ་བསྒྲགས་བྱས་ཡོད་པ་རེད།
    གསར་འགྱུར་དབྱེ་ཞིབ་པ་ཚོས་འདི་ལོའི་ཟླ་བ་༡ ནང་ཨ་རིའི་མི་སེར་ཨི་རན་གྱི་མི་རིགས་ཡིན་པ། ཨ་རིའི་བུད་མེད་གསར་འགོད་པ་ཞིག་ཨེ་རིན་གཞུང་གིས་གསང་ཉུལ་བའི་དོགས་པ་བྱས་ཏེ་མི་ལོ་༨ ཀྱི་ཁྲིམས་ཐག་བཅད་ཡོད་རུང། ཟླ་འདིའི་ཚེས་༡༢ ཉིན་གློ་བུར་དུ་གློད་གྲོལ་བཏང་ཡོད་པ་རེད། དེ་བཞིན་བྱང་ཀོ་རི་ཡས་ཀྱང་ལྟ་བ་མཐུན་པའི་མཛའ་གྲོགས་སུ་བརྩི་བའི་ཨི་རན་གཞུང་གིས། ཨ་རིའི་གསར་འགོད་པ་གློད་གྲོལ་གཏོང་བར་ལད་ཟློས་བྱས་ཏེ། བྱང་ཀོ་རི་ཡའི་བཙོན་ཁང་དུ་ཡོད་པའི་ཨ་རིའི་བུད་མེད་གསར་འགོད་པ་གཉིས་ཀྱང་གང་མགྱོགས་བཙོན་གྲོལ་ཐོབ་སྲིད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་རེད།།