རྩོམ་སྒྲིག་པར་སྤྲིངས་པའི་འཕྲིན།
གསར་ཤོག་ཏུ་འཁོད་པ་ལྟར་ཁྲོམ་རའི་ནང་དྭངས་བླང་དཔྱ་དངུལ་ལག་དེབ་རྫུན་མ་བཙོང་རྒྱུ་ཡོད་པའི་དབང་དུ་བཏང་ནའང་དེ་ནི་མགོ་བསྐོར་སླུ་བྲིད་ཀྱི་བྱ་བ་ཁོ་ན་ལས་གཞི་རྩ་ཡོད་པ་དོན་ཕན་ལྡན་པ་ཞིག་ཡོང་རྒྱུ་གང་ཡང་མེད་པ་ཡིན། དེའི་རྒྱུ་མཚན་འགའ་མང་ཚོགས་ཀྱིས་མཁྱེན་རྟོགས་དང་སྒོས་སུ་གསར་འགོད་པ་ལྷན་གྱི་དགོངས་པར་མངའ་རྒྱུའི་ཆེད་བཀོད་པ་གཤམ་གསལ་ལྟར་ཡིན།
༡ དཔལ་འབྱོར་ལས་ཁུངས་ཀྱི་དྭངས་བླང་དཔྱ་དངུལ་ལག་དེབ་དང་འབྲེལ་བའི་གློག་ཀླད་ནང་ལོ་རྒྱུས་གསར་འཇུག་དང་བཟོ་བཅོས་བྱ་དགོས་ཆ་ཚང་འབྲེལ་ཡོད་འགན་འཛིན་ནས་གཏན་འབེབས་ལྟར་གྱི་ཆ་རྐྱེན་ཚང་མིན་ཞིབ་འཇུག་དག་མཆན་གྱི་ལམ་ནས་བྱེད་ཀྱི་ཡོད་པ་ལས་སུ་བྱུང་གང་བྱུང་གིས་བྱ་རྒྱུ་ཡོད་པ་ཞིག་མ་ཡིན། ལོ་རྒྱུས་གསར་འཇུག་དང་བསྒྱུར་བཅོས་ཇི་བཏང་དང་བསྒྱུར་བཅོས་གཏོང་མཁན་སུ་ཡིན། དུས་ཚོད་ག་དུས་བཏང་བ་བཅས་ཁ་གསལ་ཤེས་རྟོགས་ཐོག་འབྲེལ་ཡོད་འགན་འཛིན་ནས་ཞིབ་འཇུག་བྱས་དང་བྱེད་མུས་ཁར་ཉིན་རེ་བཞིན་དཔྱ་དེབ་གསར་བཟོ་དང་ནོར་བཅོས་ཇི་བྱས་ཀྱི་མ་དེབ་ཅིག་ཀྱང་ཉར་ཚགས་བྱེད་ཀྱི་ཡོད་པའི་ཆ་ནས་ལོ་རྒྱུས་གསར་འཇུག་དང་དེ་སྔ་ཡོད་པའི་ལོ་རྒྱུས་ལ་བསྒྱུར་བཅོས་གང་བྱུང་གཏོང་ཡུལ་གཏན་ནས་མེད་པ་ཞིག་ཡིན།
༢ ལག་དེབ་ཀྱི་ཨང་གྲངས་ཀྱང་དུས་ཚོད་རྒྱས་བཅད་སོ་སོར་འགན་འཛིན་ནས་གཏན་འབེབས་ཇི་གནས་ལྟར་ལས་ཚོད་དཔག་ཐུབ་པའི་རིམ་པ་ལྟར་གྱི་ཨང་གྲངས་ཤིག་བཀོད་ཐབས་མེད་པ་ཡིན།
༣ ད་ལྟའི་ཆར་གློག་ཀླད་ནང་གནས་ཚུལ་གང་ཡོད་པ་ཚང་མ་དོ་བདག་དང་འབྲེལ་ཡོད་ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང། དེ་བཞིན་འབྲེལ་ཡོད་སྡེ་ཚན་འགན་ཁུར་བའི་ཞིབ་འཇུག་གི་དག་མཆན་ཡོད་པའི་རྒྱབ་རྟེན་ཡིག་ཆ་ཡོད་པ་འབའ་ཞིག་ཡིན།
༤ ལག་དེབ་རྫུན་མ་ཚོང་འགྲེམས་བྱེད་མི་ཡོད་དབང་དུ་བཏང་ནའང་ས་གནས་འགོ་འཛིན་དང་སྐུ་ཚབ་དོན་གཅོད་ཁང། ཕྱི་རྒྱལ་གཞུང་ཚབ་ཁང། དེ་བཞིན་བཙན་བྱོལ་བོད་གཞུང་གི་སྡེ་ཚན་གང་རུང་ནས་མཐུན་འགྱུར་ཞུ་དགོས་ནམ་བྱུང་སྐབས་ལག་དེབ་ཀྱི་གནས་སྟངས་དངོས་འབྲེལ་ཡིན་མིན་དཔལ་འབྱོར་ལས་ཁུངས་ལ་འབྲེལ་ལམ་གྱིས་ཞིབ་འཇུག་བྱེད་ཀྱི་ཡོད་པའི་ཆ་ནས་དོན་མེད་ཀྱི་འགྲོ་གྲོན་ལས་ཕན་ཐོགས་གང་ཡང་མེད་པ་ཞིག་ཡིན།
༥ དེ་སྔ་དང་མི་འདྲ་བར་བཙན་བྱོལ་བོད་མིའི་དྭངས་བླང་དཔྱ་དངུལ་ལག་དེབ་བཙན་བྱོལ་བོད་གཞུང་གི་འབྲེལ་ཡོད་ས་གནས་འགོ་འཛིན་ལས་ཁུངས་སམ་སྐུ་ཚབ་དོན་གཅོད་བརྒྱུད་རྡ་རམ་ས་ལར་ཡོད་པའི་བཙན་བྱོལ་བོད་གཞུང་དཔལ་འབྱོར་ལས་ཁུངས་ནས་འགྲེམས་སྤེལ་བྱེད་པ་མ་གཏོགས་གཞན་ས་གནས་དང་སྐྱེ་བོ་སུ་ལ་ཡང་སྤྲོད་དབང་མེད་པ་ཞིག་ཡིན་ན་དེ་ལུགས་ཚང་མས་ཡིད་གཟབ་བྱ་གལ།
གསར་ཤོག་ནང་བཀོད་པའི་གློག་ཀླད་ནང་ཞིབ་བཤེར་བྱས་ཀྱང་དེར་འཁོད་ཐུབ་པའི་ཁས་ལེན་ཡང་བྱེད་བཞིན་ཡོད་ཚུལ་ཟེར་བ་དེ་འཆལ་གཏམ་ལས་དོན་དངོས་ཐོག་ཡོང་གཞི་ཡོད་པ་ཞིག་རྩ་བ་ནས་མེད་པའི་ར་འཕྲོད་གོང་ཞུས་ནས་གསལ་པོ་ཐུབ་རྒྱུར་སོང་དོགས་གཡེང་མ་དགོས་པ་ཡིན། ཅི་སྟེ་ཟེར་སྐད་དང་འཆལ་གཏམ་ལྟ་བུ་མ་ཡིན་པར་དངོས་འབྲེལ་གནས་ཚུལ་ཤེས་རྟོགས་སུ་ལ་བྱུང་ཡང་སྤྱི་དོན་ལ་བསམ་ཤེས་ཀྱིས་ལམ་འཕྲལ་བཙན་བྱོལ་བོད་གཞུང་གི་བདེ་སྲུང་ལས་ཁུངས་ཀྱི་གཙོས་ལས་ཁུངས་སུ་རུང་ལ་འབྲེལ་བ་གནང་རྒྱུའི་མཐུན་འགྱུར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་བཅས་བཙན་བྱོལ་བོད་གཞུང་དཔལ་འབྱོར་ལས་ཁུངས་ནས་ ༢༠༠༩ ཟླ་ ༥ ཚེས་༡༢ ལ།
