རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་ཆོག་ཟེར།
ཡུ་རོབ་མཉམ་འབྲེལ་གྱི་ཚོགས་གཙོས། རྒྱ་ནག་དང་ཡུ་རོབ་མཉམ་འབྲེལ་གཉིས་དབར་འགྲོ་བཞིན་པའི་གཞི་རྒྱ་ཆེ་བའི་ཚོང་ལས་དེ། སྤྱི་སྙོམས་དོན་ཕན་ལྡན་པ་ཞིག་ཡོང་གི་མེད་པ་དེའི་ཐོག ཕྱོགས་གཉིས་ཀྱི་ངོས་ནས་གྲོས་བསྡུར་དང་བགྲོ་གླེང་ལྷུག་པོ་ཞིག་བྱེད་ཐུབ་པའི་རེ་བ་རྒྱག་གི་ཡོད་ལ། འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཆེད་དུ་རྒྱ་ནག་ངོས་ནས་ཆ་ཤས་བླངས་ནས་འབད་བརྩོན་བྱེད་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།
སྤྱིའི་ཆ་ནས་ཡུ་རོབ་མཉམ་འབྲེལ་ནི་རྒྱ་ནག་གི་ཚོང་ཟོག་ཕྱིར་འདྲེན་བྱེད་མཁན་འཛམ་གླིང་ནང་ཆེ་ཤོས་དེ་ཆགས་ཡོད་ཅིང༌། ལོ་རེའི་ནང་ཡུ་སྒོར་དུང་ཕྱུར་༢༤༨ ཙམ་གྱིས་རྒྱ་ནག་གིས་བཟོ་སྐྲུན་བྱས་པའི་དངོས་ཟོག་ཕྱིར་འདྲེན་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་འདས་པའི་ལོ་གྲངས་འགའི་ནང་རྒྱ་ནག་ནས་ཕྱིར་འདྲེན་བྱས་པའི་ཚོང་ཟོག་གི་རྐྱེན་བྱས་ཏེ། ཡུ་རོབ་ཁུལ་དུ་ནད་རིགས་འདྲ་མིན་ཁྱབ་བརྡལ་སོང་སྟེ་མི་མང་པོར་ནད་གཞི་ཕོག་མྱོང་ཡོད་པས། ཡུ་རོབ་ཁུལ་དུ་རྒྱ་ནག་གི་དངོས་ཟོག་ལ་ངོ་རྒོལ་ཐེངས་༣ བྱེད་མཁན་བྱུང་ཡོད་རུང༌། ད་དུང་ཡང་ཚང་ལས་རྒྱུན་སྐྱོང་ཡོང་བའི་ཆེད་དུ་ཡུ་རོབ་མཉམ་འབྲེལ་གྱིས་འབད་བརྩོན་བྱེད་བཞིན་ཡོད་པ་རེད།
ཡུ་རོབ་ཀྱི་ཚོང་ལས་མཉམ་འབྲེལ་འགས། རྒྱ་ནག་གི་ཚོང་ཟོག་རྫུན་མ་མང་པོ་རིན་གོང་ཆུང་ཆུང་ཐོག་ནས་ཚོང་ལས་ཀྱི་སྡེ་ཚན་གང་སར་ཕྱིར་གཏོང་བྱེད་ཀྱི་ཡོད་པ་དེས། མི་མང་པོ་མགོ་སྐོར་བསླུ་བྲིད་ཀྱི་འོག་འགྲོ་བཞིན་ཡོད་པས་མཚམས་འཇོག་དགོས་སྐོར་དང༌། དེ་བཞིན་གསར་འགོད་རང་དབང་སོགས་ལ་བརྩི་འཇོག་བྱེད་དགོས་པའི་རྒྱུན་ལྡན་གྱི་འབོད་སྐུལ་དེ་སླར་ཡང་ཞུས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
