དྭངས་བླང་དཔྱ་ཁྲལ་འབུལ་རྒྱུ་དེ་ཡུལ་མིའི་ལས་འགན་གཙོ་བོ་ཡིན།

    ཚོགས་ཐོག་ཏུ་བོད་གཞུང་དཔལ་འབྱོར་དྲོང་གཞོན་ཀརྨ་དགྲ་འདུལ་ལགས་ཀྱི་གསུང་དོན། བཙན་བྱོལ་བོད་མིའི་དྭངས་བླང་དཔྱ་ཁྲལ་དེ་ཕྱི་ལོ་༡༩༧༢ ཟླ་༧ ཚེས་༣༠ ཉིན་བོད་རང་དབང་བདེན་པའི་ལས་འགུལ་གྱི་སྔོན་འགྲོའི་ཚོགས་ཆེན་ཐོག་ཐག་ཆོད་གཏན་འབེབས་གནང་བ་ཞིག་རེད། དྭངས་བླང་དཔྱ་ཁྲལ་འབུལ་རྒྱུ་དེ། བཙན་བྱོལ་བོད་མིའི་ཡུལ་མིའི་ལས་འགན་གཙོ་བོ་ཞིག་ཡིན་པ་མ་ཟད། བོད་མི་སྐྱབས་བཅོལ་བ་ཡིན་པའི་ངོས་འཛིན་ཐོག་མ་ལག་དེབ་ལྗང་གུ་དེ་རེད། དེ་བཞིན་བོད་མི་རང་ལོ་༦ ཡན་ནས་ཡོངས་ཀྱིས་ྋགོང་ས་སྐྱབས་མགོན་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་ལ་ངོས་ལེན་དང་བརྩི་མཐོང་ཐོག་དཔྱ་ཁྲལ་འབུལ་གྱི་ཡོད་པ་མཚོན་ཐུབ་ཀྱི་ཡོད་པ་རེད། འོན་ཀྱང་དེང་སྐབས་ཁ་ཤས་ཤིག་གིས་ལག་དེབ་སྔོན་མའི་ཐོག་ཐོ་འགོད་ནོར་འཁྲུལ་གང་རུང་ལ་བསྟེན་ནས་ང་ལ་ལག་དེབ་མེད། བཟོ་དགོས་ཞེས་བཤད་པ་མ་ཟད། བཟོ་སྐབས་ལག་དེབ་སྔོན་མ་བཟོས་ཡོད་པ་སྦེས་གསང་ཆེད། ང་ལ་ཕ་མ་མེད་ཅེས་པ་སོགས་ཀྱི་རྫུན་སྣ་ཚོགས་བཤད་ནས་སོ་སོའི་གཞུང་ལ་དྲང་བདེན་མ་ཡིན་པའི་གཡོ་སྒྱུ་མགོ་སྐོར་སོགས་མི་གཏོང་བར། ལག་དེབ་ལྗང་གུ་བཟོ་བཅོས་ནོར་བཅོས་གང་བྱེད་དགོས་རུང་ལས་ཀ་ཐབས་སྐྱོ་བོའི་རིགས་དེ་མ་བྱེད་རོགས་ཞེས་དང། ཁོང་གིས་མུ་མཐུད་གསུང་དོན། ཡང་ཁ་ཤིས་ཤིག་གིས་དཔྱ་ཁྲལ་དེ་འདྲའི་མང་པོ་བསྡུ་རུབ་བྱས་སོང་བས་ཟ་འགྲོ་ཡི་མེད་འགྲོ་ཞེས་པ་སོགས་བསམ་ཚུལ་ཤོད་མཁན་ཡོད་པ་རེད། དེ་འདྲའི་སེམས་ཁུལ་རྩ་བ་ནས་དགོས་པ་མ་རེད། དེ་ཚོ་གང་ལ་འགྲོ་སོང་གཏོང་གི་ཡོད་པ་རེད་ཟེར་ན། བཙན་བྱོལ་གཞུང་གི་ཆོས་དང༌། ཆབ་སྲིད། འཕྲོད་བསྟེན། ཤེས་ཡོན་སོགས་འཛིན་སྐྱོང་བྱེད་མཁན་གྱི་ལས་བྱེད་ལ་གླ་ཕོགས་སོགས་ལ་བརྒྱ་ཆ་བགོས་ནས་འགྲོ་སོང་གཏོང་གི་ཡོད་པ་རེད་ཅེས་འབྲེལ་བརྗོད་གནང་སོང༌། དེ་བཞིན་མོན་འགོ་ས་གནས་འགོ་འཛིན་དཔལ་ལྡན་དོན་གྲུབ་ལགས་ཀྱི་གསུང་དོན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཞིར་བཟུང་གི་ཐོག་དྭངས་བླང་དཔྱ་ཁྲལ་འབུལ་རྒྱུ་དང༌། ས་གནས་རང་བདེན་ཚོགས་ཆུང་གི་བཀའ་གསུང་ལ་དང་ལེན་བྱེད་པ་དང༌།ལྷག་ཏུ་ཚིག་ངན་བེད་སྤྱོད་དང་རྫུན་བཤད་མགོ་སྐོར་སོགས་རང་གཞུང་ལ་མི་བྱེད་པ་མ་ཟད། གཞུང་གི་ང་ལ་ག་རེ་སྤྲད་ཡོང་གི་རེ་བ་མི་རྒྱག་པར། ངའི་གཞུང་ལ་ཞབས་འདེགས་ག་རེ་བསྒྲུབ་ཐུབ་པ་ལ་བསམ་བློ་གཏོང་རོགས་ཞེས་གསུང་བཤད་གནང་ཡོད་པ་རེད།། མོན་གྷོ་ས་གནས་གསར་འགོད་ཐུབ་བསྟན་བཀྲ་ཤིས་ཀྱིས།