ངས་བར་མའི་འོས་བསྡུ་འདི་ཁྲིམས་མཐུན་ཞིག་མཐོང་གི་མི་འདུག

ཟླ་འདིའི་ཕྱི་ཚེས་༢༡ ཉིན་མདོ་སྨད་སྤྱི་འཐུས་ཀྱི་བར་མའི་འོས་བསྡུའི་དངོས་གཞིའི་འོས་མི་གསུམ་གཏན་འབེབས་བྱས་ཡོད་པའི་གསལ་བསྒྲགས་སྤེལ་བ་དང་། སྔོན་འགྲོའི་འོས་ཐོབ་ཨང་གཉིས་པ་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་འོས་བསྡུ་འདི་ཁྲིམས་དང་མཐུན་གྱི་མི་འདུག་ཅེས་འོས་མི་ལས་དགོངས་པ་ཞུས་ཡོད་པ་རེད།

DSC_3350_2014_4_21དེ་ཡང་ཕྱི་ཟླ་༤ ཚེས་༢༡ ཉིན་གྱི་ཕྱི་དྲོ་དྷ་ས་གངས་སྐྱིད་དབུས་འོས་བསྡུ་ལས་ཁུངས་སུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཏེ། མདོ་སྨད་སྤྱི་འཐུས་ཀྱི་བར་མའི་འོས་བསྡུའི་དངོས་གཞིའི་འོས་མི་བལ་ཡུལ་དུ་གནས་སྡོད་བཀྲ་ཤིས་དོན་གྲུབ་དང་། དྷ་སར་གནས་སྡོད་ཚངས་དབྱངས་རྒྱ་མཚོ། བྷན་ཏ་རར་གནས་སྡོད་ཀརྨ་དགེ་ལེགས་བཅས་མི་གསུམ་གཏན་འབེབས་བྱས་ཡོད་པ་དང་། དངོས་གཞིའི་འོས་བསྡུ་ཕྱི་ཟླ་༦ ཚེས་༩ ཉིན་ཡིན་པ་འོས་བསྡུ་ལས་ཁུངས་ཀྱི་འགན་འཛིན་འཇམ་དཔལ་ཆོས་བཟང་དང་། འོས་བསྡུའི་འགན་འཛིན་ལས་འཕར་རིག་འཛིན་ཆོས་གྲགས་གཉིས་ཀྱིས་གསལ་བསྒྲགས་སྤེལ་ཡོད་པ་རེད།

DSC_3362_2014_4_21དངོས་གཞིའི་འོས་བསྡུའི་ནང་དགོངས་པ་ཞུ་དགོས་པའི་རྒྱུ་མཚན་སྐོར་ཨ་ཚོགས་ཀླུ་མཁར་བྱམས་ལ་བཅར་འདྲི་ཞུས་པར། ཁོང་གིས་གསུང་དོན། “སྔོན་འགྲོའི་འོས་བསྡུའི་སྐབས་ང་ལ་མི་མང་གིས་འོས་གང་འཚམས་བླུགས་ནས་ཨང་གཉིས་པར་སླེབས་འདུག ཡིན་ཡང་ངས་སྔོན་མ་ནས་བོད་གཞུང་འོས་བསྡུ་ལས་ཁུངས་སུ་སྙན་ཞུ་དོན་ཚན་དྲུག་ཅན་ཞིག་ཕུལ་ཏེ། འོས་བསྡུ་ལས་ཁུངས་ནས་གསལ་པོ་བཟོ་དགོས་པ་ཁག་ཅིག་འདུག་ལབ་པ་རེད། ཡིན་ཡང་འོས་བསྡུ་ལས་ཁུངས་ནས་གསན་འཇོག་གནང་མ་སོང་། དེ་བཞིན་གྲོས་ཚོགས་ནང་དེའི་སྐོར་ལ་བགྲོ་གླེང་མཐར་ཕྱིན་པ་ཞིག་བྱུང་ན། མི་མང་ལ་གོ་བརྡ་ཡག་པོ་ཞིག་འཕྲོད་ས་རེད་བསམ་སོང་། ཡིན་ཡང་གྲོས་ཚོགས་ནང་དུ་ཡང་གསལ་པོ་བྱུང་མ་སོང་། དེར་བརྟེན་ངས་འོས་བསྡུའི་གོ་རིམ་དེ་ཁྲིམས་མཐུན་ཞིག་ཏུ་མཐོང་གི་མི་འདུག ངས་ཁྲིམས་འགལ་རེད་ལབ་བཞིན་དུ་འོས་བསྡུའི་ནང་དུ་ཞུགས་ན། ང་ལ་འོས་ཐོབ་དང་མི་ཐུབ་ཀྱི་ཁྱད་པར་མ་རེད། དེ་འགྲོ་སྟངས་ཤིག་མིན་པས། ཕྱི་ཟླ་༤ ཚེས་༡༥ ཉིན་དགོངས་པ་ཞུས་པ་ཡིན། ངས་ཁྲིམས་འགལ་རེད་ལབ་ཀྱི་ཡོད་པ་རེད་ལ། ང་གཅིག་པུ་མ་རེད། དེའི་སྐོར་ལ་རྩོམ་ཡིག་དེ་འདྲ་མང་པོ་སླེབས་པ་རེད། བཙན་བྱོལ་སྤྱི་ཚོགས་ཀྱི་ཁྲིམས་དང་སྒྲིག་གཞི་ལ་རྒྱུས་མངའ་ཡོད་མཁན་མང་པོ་ཞིག་གིས་དེ་དཀའ་ངལ་ཡིན་པ་བཤད་ཀྱི་ཡོད་པ་རེད། དེར་བརྟེན་ང་དགོངས་པ་ཞུས་པ་ཡིན་”ཞེས་འགྲེལ་བརྗོད་གནང་སོང་།

ཨ་ཚོགས་ཀླུ་མཁར་བྱམས་ཀྱིས། གྲོས་ཚོགས་ནང་སྤྱི་འཐུས་ཀྱི་འོས་མིར་བརྒྱ་ཆ་མི་དགོས་ཞེས་ཁྲིམས་དང་སྒྲིག་གཞི་བཟོས་པ་དང་། དེ་སྲིད་སྐྱོང་གིས་མཚན་རྟགས་འཁོད་པའི་ཉིན་ནས་ལག་བསྟར་བྱེད་རྒྱུ་ཡིན་རྒྱུ་ཡིན་ཞེས་གསལ་ཡོད་ནའང་། དེ་ལྟར་ལག་བསྟར་བྱས་མེད་སྐོར་ཡང་འགྲེལ་བརྗོད་གནང་སོང་།།