དགེ་འདུན་པའི་ཚན་རིག་འགྲེམས་སྟོན་ཐེངས་དང་པོ།
དེར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་གསུང་དོན། སོ་སོའི་རྩ་ཆེའི་རིག་གཞུང་གཞི་ལ་བཞག་པའི་ཐོག་ནས་གང་ནས་ཡིན་ཡང་ལེགས་ཆ་བླངས་ནས་སྤུས་དག་ཏུ་གཏོང་བ་དང། ཡག་ཏུ་གཏོང་བའི་ཆེད་དུ་སྦྱོང་གི་ཡོད་པ་རེད། ཚན་རིག་ནི་ཕྱི་དངོས་པོའི་ཐོག་ནས་ནུས་པ་འདོན་པ་ཞིག་དང། ནང་ཆོས་ནི་ནང་སེམས་ཀྱི་ཐོག་ནས་ནུས་པ་འདོན་པ་ཞིག་རེད། དངོས་ཡོད་གནས་ཚུལ་ཐོག་མི་ལ་ལུས་སེམས་གཉིས་ཀ་ཡོད་པ་ཡིན་སྟབས། གཉིས་ཀ་བདག་པོ་རྒྱག་པ་དང། གཉིས་ཀ་ལ་ཕན་པའི་ཆེད་དུ་ནང་གི་བསམ་བློའི་འགྲོ་སྟངས་སྤུས་དག་པོ་དང། ཕྱི་དངོས་པོའི་གནས་སྟངས་ཀྱི་ཐོག་ལ་དམིགས་བསལ་དོ་སྣང་མེད་པའི་རིགས་ལ་དོ་སྣང་ཡོང་བ་བཅས་ཀྱི་ཆེད་དུ་སྦྱོང་གི་ཡོད་རེད། གཞན་ཡང་ཚན་རིག་གི་སློབ་ཚན་ཉན་པ་གཅིག་པུ་མིན་པར་དགེ་འདུན་པ་རྣམས་ཀྱིས་རྩོམ་ཡིག་འབྲི་བ་དང། དངོས་ཡོད་གནས་ཚུལ་མིག་ལ་བསྟན་ནས་ར་འཕྲོད་པར་བྱེད་པའི་ལས་གཞི་མུ་མཐུད་འགྲོ་ཐུབ་པའི་ཆེད་དུ་འགྲེམས་སྟོན་བྱེད་དགོས་པ་རེད། གཉིས་ནས་ང་ཚོའི་ལས་གཞི་དེ་གལ་ཆེན་པོ་ཡིན་པ་ྋགོང་ས་སྐྱབས་མགོན་ཆེན་པོས་ཡང་ཡང་བཀའ་གནང། ཕྱག་དེབ་ནང་ལ་བཀོད། ྋགོང་ས་མཆོག་ཉིད་ཀྱིས་ཚན་རིག་གི་བགྲོ་གླེང་གྲངས་མང་འཚོགས་པ་དང། དེ་བཞིན་ཤེས་ཡོན་ཅན་རྣམས་ཀྱིས་ལས་གཞི་འདི་གལ་ཆེན་པོར་བརྩི་ཡི་ཡོད་པ་རེད། བོད་ནང་ལ་ཆ་མཚོན་ན་དོན་ངོ་མའི་ལག་ལེན་བསྟར་གྱི་ཡོད་མེད་མི་ཤེས་ཏེ། ཕྱི་ལོག་ཏུ་རྒྱ་མིས་ཚང་མ་ཚན་རིག་དང་འཐུན་པ་ཡིན་ཟེར་གྱི་ཡོད་པ་རེད། ཕལ་ཆེར་གསང་སྤྱོད་ལ་ཕྱིན་ཡང་ཚན་རིག་དང་མཐུན་པ་ལྟ་བུའྀ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་རེད།
བཙན་བྱོལ་ནང་དུ་ཆ་བཞག་ན་དེང་དུས་ཀྱི་གནས་ཚུལ་གང་འཚམ་རྗེས་ལུས་ཐེབས་ཡོད་པས། དེང་རབས་འཕྲུལ་རིགས་ཀྱི་ཐད་ལ་དོ་སྣང་བྱེད་དགོས་པ་རེད། ཡང་ང་ཚོའི་ལས་གཞི་འདི་ཁུག་ཀྱོག་ཅིག་ལ་སྤེལ་བ་ཡིན་ཡང་དེ་ཙམ་གྱིས་འགྲིག་གི་མེད་པར། གཞན་ལ་སྐུལ་མ་གཏོང་བ་དང་ཤེས་པའི་ཆེད་དུ་དེ་རིང་གི་འགྲེམས་སྟོན་འདི་བྱེད་ཀྱི་ཡོད་རེད་ཅེས་གསུངས་སོང།
དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱི་གསུང་དོན། དེ་རིང་དགེ་འདུན་པ་རང་གིས་ཚན་རིག་འགྲེམས་སྟོན་གནང་ཐུབ་པ་དེ་ནི་ངས་བལྟས་ན་གཟི་བརྗིད་ཆེན་པོ་དང། བོད་ཀྱི་དགོན་སྡེ་ཁག་གིས་ཚན་རིག་གི་ཐོག་ལ་གོམ་པ་ཆེན་པོ་ཞིག་སྤོ་ཐུབ་པར་ངོས་འཛིན་ཞུ་ཡི་ཡོད། སྤྱིར་ཚན་རིག་ཤེས་པ་ནི་ཤེས་བྱ་གསར་པ་ཞིག་ཤེས་པ་ཙམ་མ་ཡིན་པར་བོད་ཀྱི་རིག་གཞུང་དང། ལྷག་པར་དུ་ནང་དོན་རིག་པ་སོགས་མི་ཉམས་རྒྱུན་འཛིན་ཡོང་བ་དང། ཕྱི་རྒྱལ་ཚོའི་ངོས་ནས་ནང་པའི་ལྟ་གྲུབ་ལ་འགྲེལ་བཤད་རྒྱག་ཐུབ་པ་ནང་བཞིན་ང་ཚོའི་ངོས་ནས་ཁོ་རང་ཚོའི་བསམ་བློའི་འཁྱེར་ཕྱོགས་དང་ཚན་རིག་གི་རྣམ་གཞག་འགྲེལ་བཤད་རྒྱག་མི་ཐུབ་པའི་གནས་སྟངས་ཡོད་སྟབས། ྋགོང་ས་མཆོག་གིས་གསུངས་པ་བཞིན་ནང་ཆོས་ཟབ་པོ་ཡོད་པ་དེ་ཚན་རིག་ཤེས་པའི་ཐོག་ནས་ཕྱིའི་མི་མང་ལ་འགྲེལ་བཤད་རྒྱག་ཐུབ་དགོས་པ་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། ཕྱོགས་གཅིག་ནས་རྒྱ་མིས་བོད་ཀྱི་དགོན་སྡེ་ཁག་རྨོངས་དད་དབང་དུ་འགྲོ་བ་མ་གཏོགས། དེང་དུས་ཀྱི་རིག་གནས་ཤེས་ཀྱི་མ་རེད་ཅེས་བཤད་ཀྱི་ཡོད་པ་དང། ཚན་རིག་དེ་ཡག་པོ་ཡིན་པ་དང། ནང་ཆོས་དེ་ཙམ་ཏག་ཏག་ཅིག་མིན་པའི་འགྲེལ་བཤད་རྒྱག་གི་ཡོད་པ་དེ་ལ་དགེ་འདུན་པ་ཚོས་ཚན་རིག་པ་རྣམས་དང་ལྷན་དུ་བགྲོ་གླེང་དང་གོམ་པ་མཉམ་དུ་སྤོས་ནས། ཕྱིའི་ཡོན་ཏན་ལེན་པ་ཙམ་མིན་པར་ཕར་ནང་ཆོས་ཀྱི་བློ་སྐྱེད་འབུལ་ཐུབ་པའི་གོ་སྐབས་ཤིག་ཡོང་གི་ཡོད་པས། རྒྱ་མི་ལ་ལན་ཏག་ཏག་སྤྲད་ཐུབ་པ་རེད། ཕྱིའི་ཤེས་རིག་ལ་ཕན་པ་དང། མིའི་བདེ་སྐྱིད་ལ་ཕན་པ་དེས་རང་གི་རིག་གཞུང་དང་སྤྱི་ཚོགས་ལ་ཞབས་འདེགས་ཆེན་པོ་ཞུ་ཐུབ་ཀྱི་ཡོད་པ་རེད་ཅེས་གསུངས་སོང།
དེ་བཞིན་ཕྱི་རྒྱལ་གྱི་མཁས་དབང་གཉིས་ཀྱིས་ཀྱང་དགེ་འདུན་པ་རྣམས་ཀྱིས་དཀའ་ལས་བརྒྱབ་ནས་ཚན་རིག་འགྲེམས་སྟོན་འདི་འདྲ་བྱེད་ཐུབ་པ་དེར་བསྔགས་བརྗོད་དང་འབྲེལ་བཀྲ་ཤིས་བདེ་ལེགས་ཞུས་སོང། སྤྱིར་ཨེ་མོ་རི་གཙུག་ལག་མཐོ་སློབ་དང་བོད་ཀྱི་དཔེ་མཛོད་གཉིས་མཉམ་འབྲེལ་གྱིས་ཚན་རིག་གི་ཟབ་སྦྱོང་འདི་མུ་མཐུད་འཚོག་རྒྱུ་ཡིན་པ་དང། ༢༠༠༨ ལོ་ནས་འགོ་འཛུགས་བྱས་ཏེ། ད་ལོའི་ཟབ་སྦྱོང་འདི་ཐེངས་གཉིས་པ་ཆགས་ཀྱི་ཡོད་པ་རེད། གཞན་ཡང་འགྲེམས་སྟོན་དེའི་ཐོག་ཏུ་དྷ་སྟེང་བོད་ཁྱིམ་གྱི་སློབ་མ་ཁག་ཅིག་ཀྱང་ཆེད་མངགས་ལྟ་བར་ཡོང་ཡོད་པ་དང། དགེ་འདུན་པ་རྣམས་ཀྱིས་དཔེ་མཚོན་གྱི་ལམ་ནས་འོད་ཀྱི་གྲུབ་ཚུལ་དང། སྒྲ་ཡི་འབྱུང་སྟངས། གོ་ལའི་ཆགས་སྟངས། མིའི་ཀླད་པའི་གྲུབ་ཚུལ་སོགས་དངོས་ཡོད་གནས་ཚུལ་གྱིས་ར་སྤྲོད་དང་འགྲེལ་བཤད་བརྒྱབ་སོང།།