འབྲུག་ཡུལ་བོད་རིགས་མ་རེད།

དཔེར་ན། ང་ཚོ་ལྟ་བུར་ང་ཚོ་ལུ། ང་ཚོའི་གཞུང་ལ་ང་ཚོའི་གཞུང་ལུ་ཞེས་འབྲུག་སྐད་དམ་འབྲུག་ཡིག་ནང་དུ་ལུ་དེ་མི་ ཐོན་ས་ཞིག་མི་འདུག འདི་ནི་ཕལ་ཆེར་འབྲུག་པ་ཀུན་ལེགས་ཀྱི་འབུ་ལུ་དེས་འབྲུག་མོ་ཚོའི་སེམས་པ་ འཕྲོགས་ཡོད་པ་དེ་ལ་རྗེས་དྲན་ཞིག་མིན་ནམ་སྙམ། ཡིན་ན་ཡང་ད་དུང་རྩད་གཅོད་ཐོངས། ཡིན་ལུ་མིན་ལུ་ལྟ་བུ་ལུ་སྒྲ་མེད་ན་འཚོ་བ་མི་འཁྱོལ་བའི་ལུང་པ་ཞིག་རེད། ཁ་བ་དཀར་པོས་ནུབ་གླིང་ནས།”“འབྲུག་ སྐད་ཀྱི་ནང་དུ་ཨམ་སྐད་མང་པོ་ཞིག་ཡོད་པ་དང་། རྩ་བའི་འབྲུག་སྐད་ནི་ལོ་བརྒྱ་ཕྲག་མང་པོའི་རིང་ས་གནས་རང་གི་འབྲུག་པ་ཚོས་རྒྱུན་འཛིན་བྱས་པ་ཞིག་རེད། ཡང་འབྲུག་ཡུལ་དུ་རང་རེ་བོད་ལྟར་སྤྱི་སྐད་ཅིག་ད་དུང་ཆགས་མེད་པས་སྐད་རིགས་མི་ འདྲ་བ་ཁ་ཤས་བེད་སྤྱོད་གཏོང་བཞིན་འདུག མི་འབོར་ནི། སྤྱི་ལོ་༢༠༠༠ལོར་༢༠༠༥༢༢༢ནས་ཡར་འཕར་ཏེ་སྤྱི་ལོ་༢༠༠༧ལོར་༢༣༢༧༨༤༩ལ་བསླེབས་འདུག མི་རིགས་ཀྱི་ཐོག་མ་དེ་བོད་ཡུལ་རང་ནས་ཕར་མཆེད་པ་ནི་ཕྱོགས་མང་པོ་ཞིག་ནས་ར་ འཕྲོད་དུ་ཡོད། རྒྱལ་ཡོངས་ཀྱི་ཆོས་ལུགས་ནི་བོད་བརྒྱུད་ནང་བསྟན་བཀའ་བརྒྱུད་པའི་ནང་ཚན་འབྲུག་ པ་བཀའ་བརྒྱུད་དང་། རྒྱལ་ཡོངས་ཀྱི་ཡི་གེ་ནི་བོད་ཡིག་ཡིན་ཡང་། སློབ་དེབ་དང་དུས་དེབ་སོགས་སུ་བོད་ཀྱི་བརྡ་སྤྲོད་པའི་ལུགས་སྲོལ་མེད་པར་ཁ་ སྐད་ཀྱི་རྗེས་སུ་འབྲངས་པའི་ཡི་གེ་ཞིག་འབྲི་ཞིང་། དེ་ལ་ཁོ་ཚོས་འབྲུག་ཡིག་ཟེར། ནང་པའི་ཆོས་དཔེ་ནི་བོད་པའི་བརྡ་སྤྲོད་པའི་ལུགས་བཞིན་བྲིས་པ་དག་བེད་སྤྱོད་ བྱེད། འབྲུག་ཡུལ་གྱི་ན་ཆུང་མ་ཚོ་བྱད་བཞིན་མཛེས་ན་ཡང་། མང་པོ་ཞིག་གིས་གཅིན་པ་ལངས་ནས་གཏོང་བས། ཁ་རྒྱུན་དུ། འབྲུག་མོ་ནམ་མཁའི་ལྷ་རེད། གཅིན་པ་གཏོང་སྟངས་ཟོག་རེད། ཟེར་སྲོལ་ཡོད། ད་དེ་ཙམ་བྱོས།

 

གོང་ གི་དེ་བོད་ཡིག་གླེང་སྟེགས་ཀྱི་དྲ་ཚིགས་སྟེང་ནས་བཤུས་པ་ཡིན། ཁོང་གིས་འབྲུག་རིགས་བོད་རིགས་དང་འབྲུག་གི་སྐད་ཡིག་ཀྱང་བོད་ཀྱི་སྐད་ཡིག་ཡིན་ ཟེར། དེ་འདྲའི་སྐད་ཆ་སྨྲ་བའི་གང་ཟག་དེ་ནི་བློ་རྣལ་དུ་མ་གནས་པ་ཞིག་ཡིན་ནམ་ཡང་ན་ ཤེས་བྱ་ཆུང་བའི་གང་ཟག་ཅིག་ཡིན་ཚོད། གང་ལྟར་ཡང་འབྲུག་དང་བོད་གཉིས་གནའ་སྔ་མོ་ནས་ཆོས་དང་ཚོང་གི་འབྲེལ་བ་གཏིང་ཟབ་ ཡོད་པ་ནི་དངོས་གནས་རེད། དེ་བཞིན་འབྲུག་ལ་དམ་པའི་ཆོས་ཀྱི་རྒྱུན་བོད་ནས་མཆེད་པ་ཡིན་པ་ཡང་སུས་ཀྱང་ བསྙོན་དུ་མེད་པའི་སྐད་ཆ་ཞིག་རེད།

 

ཡིན་ ན་ཡང་འབྲུག་ཡུལ་བོད་རིགས་ཡིན་པ་ནི། རྒྱལ་རབས་ལ་མཁས་པའི་མི་རིགས་སུས་ཀྱང་ཡེ་ནས་ཁས་ལེན་མི་ནུས་པ་ཞིག་རེད་སྙམ། དེ་ཡང་ཐག་རིང་ས་ནས་བཤད་ན་སྔོན་བོད་ཀྱི་ས་ཆ་དེ་མཚོ་ཡི་རང་བཞིན་དུ་གནས་པ་ལས། བདག་ཅག་གི་སྟོན་པ་རྒྱལ་པོ་ཟས་གཙང་གི་སྲས་གཞོན་ནུ་དོན་གྲུབ་སྐུ་མྱ་ངན་ལས་ འདས་ནས་ལོ་༡༠༠ འི་རྗེས་རིམ་གྱིས་མཚོ་བྲི་ནས་ཤིང་ས་ལའི་ནགས་བྱུང་ཞིང་། དེའི་རྗེས་མ་རྗེ་བཙུན་སྒྲོལ་མའི་སྤྲུལ་པ་བྲག་སྲིན་མོ་དང་ཕ་སྤྱན་རས་གཟིགས་ ཀྱི་སྤྲུལ་པ་སྤྲེའུ་གཉིས་འདུས་པ་ལ་བརྟེན་ནས་བོད་ཀྱི་མི་རིགས་བྱུང་ཡོད་པར་ བོད་ཀྱི་ཆོས་འབྱུང་དང་རྒྱལ་རབས་ནས་གསུངས་ཡོད་རེད། ང་ཚོ་འབྲུག་པའི་ས་ཆ་ནི་སྔོན་བདག་ཅག་གི་སྟོན་པ་བཞུགས་པའི་དུས་ནས་ཡོད་ཅིང་མི་ རིགས་ཀྱང་དེའི་དུས་ནས་ཡོད་པ་ལས་བོད་ཀྱི་ས་ཆ་ལྟར་སྔར་མཚོ་ཡི་རང་བཞིན་དུ་གནས་ པ་རིམ་གྱིས་བྲི་ནས་ས་ཆ་ཆགས་པའི་རྗེས་མི་རིགས་མཆེད་ཚུལ་མདོ་རྒྱུད་བསྟན་བཅོས་ གང་དུའང་གསུངས་མེད།

 

འབྲུག་ ཡུལ་གྱི་ས་ཆ་སྔར་སངས་རྒྱས་ཞལ་བཞུགས་པའི་དུས་ནས་ཡོད་པའི་སྒྲུབ་བྱེད་ཀྱང་དུ་ མ་ཡོད་རེད། དེ་ཡང་སྔར་གཞོན་ནུ་དོན་གྲུབ་ལ་ཡི་གེའི་སློབ་དཔོན་ཀུན་གྱི་བཤེས་གཉེན་གྱིས་ ཡི་གེ་བསླབ་པར་བརྩམས་པ་ན། གཞོན་ནུ་དོན་གྲུབ་ཀྱིས་ཙནདན་སྦྲུལ་གྱི་སྙིང་པོ་ལས་བྱས་པའི་ཡི་གེ་ཤིང་ལྷའི་ ཚོན་གྱིས་བྱུག་པ། གསེར་གྱི་ཡང་མིག་གིས་བཏགས་པ། མཐའ་མ་ནོར་བུ་རིན་པོ་ཆེས་ཀུན་ནས་བརྒྱན་པ་ཐོགས་ཏེ། ཀྱེ་མཁན་པོས་བདག་ལ་ཡི་གེ་གང་ཞིག་བསླབ། ཚངས་པའི་ཡི་གེའམ། ཁ་རོ་སྟིའི་ཡི་གེའམ། པདམའི་སྙིང་པོའི་ཡེ་གེའམ། ཨང་གའི་ཡི་གེའམ། མང་གའི་ཡི་གེའམ། ཡུལ་མ་ག་ཤྲའི་ཡི་གེའམ། བཀྲ་ཤིས་པའི་ཡི་གེའམ། སོར་མོ་པའི་ཡི་གེའམ། ཤ་ཀ་ནིའི་ཡི་གེའམ། ཡ་བ་ནའི་ཡི་གེའམ། བག་ལེ་བའི་ཡི་གེའམ། པ་རུ་ཤའི་ཡི་གེའམ། འགྲོ་ལྡིང་བའི་ཡི་གེའམ། ཀི་ར་ཏའི་ཡི་གེའམ། ལྷོ་བྲག་ཕྱོགས་པའི་ཡི་གེའམ། དྲག་ཤུལ་ཅན་གྱི་ཡི་གེའམ། སོགས་ནས་ཀྱེ་སློབ་དཔོན་ཡི་གེ་དྲུག་ཅུ་རྩ་བཞི་པོ་དེ་དག་གི་ནང་ནས་བདག་ལ་གང་ བསླབ། ཅེས་ཞུས་ཡོད་ཚུལ་མདོ་རྒྱ་ཆེ་རོལ་པར་གསུངས་འདུག། དེའི་ནང་དུ་ཡོད་པའི་ལྷོ་བྲག་པའི་ཡི་གེ་ནི་ང་ཚོ་འབྲུག་པའི་ཡི་གེ་ལ་ངོས་བཟུང་ བ་ལས་འོས་མེད། དེའི་རྒྱུ་མཚན་ཡང་འདུལ་བའི་གཞུང་སོགས་ནས་རི་བྲག་པ་ཞེས་གསུངས་པ་དེ་ང་ཚོའི་ འབྲུག་ཡུལ་ལ་ངོས་བཟུང་བར་སྔོན་གྱི་མཁས་པ་དག་གི་གསུང་ནས་གསལ་ཡོད་རེད།

 

ད་ དུང་ཡིག་ཆའི་མཚན་གསལ་པོ་ཞིག་མི་དྲན་ཡང་། ཆོས་སྐྱོང་མགོན་པོའི་ལོ་རྒྱུས་ཤིག་གི་ནང་དུ། ཆོས་སྐྱོང་མགོན་པོ་དེ་སྔར་སངས་རྒྱས་མར་མེ་མཛད་ཀྱི་སྐབས་སྲིན་པོའི་ལུས་སུ་ གནས་པ་ལས། སངས་རྒྱས་མར་མེ་མཛད་ཀྱིས་དམ་ལ་བཏགས་ནས་དམ་པ་ཆོས་སྐྱོང་བའི་སྲུང་མར་བསྐོས་ ཚུལ་གསུངས་ཡོད་རེད། དེ་ལྟར་ན་ཆོས་སྐྱོང་མགོན་པོ་དེའི་མངོན་རྟོགས་སུ་གཡས་ཀྱི་རུ་འདྲེན་པ་མོན་པ་ བརྒྱ། ནག་མོ་སྟོང་ཟེར་གསུངས་པའི་ཕྱིར་ལུང་དེ་ཡིས་ཀྱང་འབྲུག་ཡུལ་ནི་སྔོན་སངས་རྒྱས་ མར་མེད་མཛད་ཀྱི་སྐབས་ནས་ཡོད་པར་གྲུབ་ཀྱི་ཡོད་རེད། ལུང་དེ་ཡིས་འབྲུག་ཡུལ་དང་འབྲུག་པའི་མི་རིགས་མར་མེད་མཛད་ཀྱི་སྐབས་ནས་ཡོད་པར་ གང་འདྲས་འགྲུབ་ཟེར་ན། མོན་པ་ཟེར་བ་དེ་འབྲུག་ཡུལ་གྱི་མི་རིགས་ལ་ངོས་བཟུང་བ་འཁྲུལ་མེད་བསྙོན་མེད་ རེད། མོན་པའི་མི་རིགས་དེ་སངས་རྒྱས་མར་མེ་མཛད་ཞལ་བཞུགས་པའི་དུས་སུ་མེད་ན་མགོན་ པོའི་གཡས་ཀྱི་རུ་འདྲེན་པ་ཡང་བསྐོས་མི་སྲིད་པ་རེད།

 

དེ་ བཞིན་འབྲུག་ཡུལ་གྱི་བླ་ཆེན་པད་གླིང་ཡབ་སྲས་གསུམ་དུ་གྲགས་པའི་ནང་གསེས། ཨོ་རྒྱན་གུ་རུ་རིན་པོ་ཆེའི་རྒྱལ་ཚབ་སྒང་སྟེང་སྤྲུལ་སྐུ་སྐུའི་ཕྲེང་བ་གཉིས་ པ་བསྟན་འཛིན་ལེགས་པའི་དོན་གྲུབ་ (1727–1758)ཀྱི་རྣམ་ཐར་དུ་ཡང་། འབྲུག་ཡུལ་དེ་སངས་རྒྱས་འོད་སྲུང་གི་སྐབས་ནས་ཡོད་པར་གསལ་ཡོད་རེད། དེ་ཡང་སྤྲུལ་སྐུ་མཆོག་འབྲུག་ཡུལ་ཨ་ཐང་དུ་ཕེབས་དུས་དེར་ཙན་དན་དུ་མ་ཡོད་པར་ གཟིགས་ནས་གནས་འདིའི་གཞི་བདག་མཚོ་ལྟོ་མེད་ལ་ལོ་རྒྱུས་དྲིས་པར། གཞི་བདག་གིས་སླར་ཞུས་གསལ་ལ་སྔོན་སངས་རྒྱས་འོད་སྲུང་གིས་རྒྱ་གར་འཕགས་པའི་ ཡུལ་ནས་འདིར་འབྲུག་ཡུལ་ཕྱོགས་སུ་དབུ་སྐྲ་གཏོར་གནང་བ་ན་དབུ་སྐྲ་དེ་ཕྱོགས་ དེར་བབས་པས་དབུ་སྐྲ་རེ་རེ་ནས་ཙན་དན་རེ་སྐྱེས་ཟེར་ཞུས་ཚུལ་བཀོད་འདུག།  དེ་ ལྟར་ན་འབྲུག་ཡུལ་དེ་སྔོན་སངས་རྒྱས་འོད་སྲུང་གི་ སྐབས་ནས་ཡོད་པ་རེད། དེ་དག་ནི་འབྲུག་ཡུལ་དང་འབྲུག་པའི་མི་རིགས་བོད་ཡུལ་དང་བོད་ཀྱི་མི་རིགས་ནས་ སྔོན་ནས་ཡོད་པའི་ལུང་གི་སྒྲུབ་བྱེད་དང་འབྲུག་ཡུལ་དང་འབྲུག་མི་བོད་རིགས་མིན་ པར་གྲུབ་པའི་ལུང་གི་སྒྲུབ་བྱེད་རེད།

 

འོན་ ཏེ་འབྲུག་ཡུལ་གྱི་ས་བོད་ཡུལ་གྱི་སྔར་ནས་ཆགས་པ་བདེན་མོད། འོན་ཀྱང་མི་རིགས་ནི་བོད་ནས་མཆེད་པ་ཡིན་ཟེར་ན། ཇི་སྐད་དུ། ཁང་ས་ཞིང་ས་ས་ཡི་དགེ། །ཁང་ཤིང་བུད་ཤིང་ཤིང་གི་དགེ། །འཐུང་ཆུ་ཞིང་ཆུ་ཆུ་ཡི་དགེ། །ཁང་རྡོ་འཐག་རྡོ་རྡོ་ཡི་དགེ། །གམ་འབྲོག་རྒྱང་འབྲོག་རྩྭ་ཡི་དགེ། །ཞེས་གསུངས་པ་ལྟར་འབྲུག་ཡུལ་ནི་བྱང་ཐང་སྐྱ་མོ་དང་རྫ་རོང་། བྱེ་མའི་གླིང་སོགས་གང་ཡང་མ་ཡིན་པར་དགེ་བཅུ་ཚང་བའི་ཡུལ་ལམ་བསིལ་དྲོད་ལྡན་ ཞིང་འབྲུ་སྣ་དགུ་འཚོ་བའི་གནས་ཡིན་པས་ན། དཔེར་ན་ཆུ་ཡོད་ན་ཉ་རང་བཞིན་གྱིས་འབྱུང་བ་ལྟར་འབྲུག་མི་རྣམས་སྔོན་བསྐལ་པ་ བཟང་པོ་ཆགས་པ་ནས་བཟུང་རིམ་པས་མི་ཡི་འགྲོ་བ་ཆགས་པ་ན་ཡུལ་དབུས་ཀྱི་མི་དང་མཉམ་ དུ་ཆགས་པ་རེད་མ་གཏོགས་འབྲུག་ལ་མི་རིགས་མེད་པར་མི་སོན་བོད་ནས་ཁྱེར་ཡོང་དགོས་ དོན་གང་ཡང་ཡོད་མ་རེད།

 

གོང་དུ་ཁྱོད་ཀྱིས་མི་རིགས་ཀྱི་ཐོག་མ་དེ་བོད་ཡུལ་རང་ནས་ཕར་མཆེད་པ་ནི་ཕྱོགས་མང་པོ་ཞིག་ནས་ར་འཕྲོད་དུ་ཡོད་ ཟེར།  དེ་ ལྟ་ན་དུས་ཇི་ཙམ་ན་བོད་ཀྱི་རྒྱལ་རབས་ག་ཚོད་ལ་བོད་ཀྱི་མི་རིགས་གང་ནས་འབྲུག་ གི་མི་རིགས་གང་ཟེར་བ་དེ་མཆེད། བོད་ཀྱི་མི་རིགས་འདི་ཟེར་བ་ནས་འབྲུག་པའི་མི་རིགས་འདི་ཟེར་བ་འདི་མཆེད་ཅིང་ དུས་དེའི་སྔོན་ལ་འབྲུག་ཏུ་མི་རིགས་ཡེ་ནས་མེད་ཅེས་ཁུངས་ལུང་རྒྱུ་མཚན་དང་བཅས་ པའི་སྒོ་ནས་ར་འཕྲོད་རྒྱུ་ཨེ་ཡོད། ཡང་ན་འབྲུག་ཡུལ་བོད་རིགས་ཡིན་ཟེར་བ་དེ་འབྲུག་ཡུལ་བོད་ཀྱི་མངའ་ཁོངས་ཡིན་ཟེར་ བ་ཡིན་ནམ། དེ་ལྟར་ན་བོད་ཀྱི་རྒྱལ་པོ་འདི་དང་འདིས་འབྲུག་ཡུལ་འདིར་རྒྱལ་ཚབ་འདི་དང་འདི་ བསྐོས་ཏེ་རྒྱལ་ས་འདི་དང་འདིར་བཞུགས་ཏེ་ཕྱག་ལས་འདི་དང་འདི་གནང་སྟེ་ཕྱག་རྗེས་ འདི་དང་འདི་ཡོད་ཟེར་བའི་ཁུངས་ལུང་རྒྱུ་མཚན་བཤད་རྒྱུ་ག་རེ་ཡོད། ཁུང་ལུང་རྒྱུ་མཚན་གང་ཡང་མེད་པའི་སྐད་ཆ་དེ་མ་བཤད་ན་ཡག་བསམ་གྱི་འདུག།

 

གལ་ ཏེ་དུས་རབས་༧ པའི་ནང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་འབྲུག་ཡུལ་སྤ་གྲོར་སྐྱེར་ཆུ་ལྷ་ ཁང་དང་བུམ་ཐང་དུ་བྱམས་པ་ལྷ་ཁང་སོགས་བཞེངས་པར་བརྟེན་འབྲུག་བོད་ཀྱི་མངའ་འོག་ ཡིན་བསམས་པ་རེད་པས། དེ་ལྟར་ན་རྒྱ་གར་གྱི་རྒྱལ་པོ་ཆོས་རྒྱལ་མྱ་ངན་མེད་ཀྱིས་བོད་ཡུལ་བྱང་འབྲི་ གུང་དུ་གཉུག་རུམ་མཆོད་རྟེན་དང་། ལྷོ་བྲག་ལྷ་ལུང་ཡས་མན་དུ་འང་མྱ་ངན་མེད་ཀྱི་མཆོད་རྟེན་བཞེངས་པར་གྲགས་པས་བོད་ རྒྱ་གར་གྱི་མངའ་འོག་ཡིན་པར་ཁས་ལེན་ནམ་ཅི། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཆོས་ཀྱི་རྒྱལ་པོ་རྣམས་ཀྱིས་རང་གི་ མངའ་འོག་ཙམ་མ་ཚད་པར། ནམ་མཁའ་དང་མཉམ་པའི་སེམས་ཅན་སྤྱི་ལ་ཕན་སེམས་ཀྱིས་རྒྱལ་བའི་སྐུ་གསུང་ཐུགས་ རྟེན་རྣམས་གནས་གཞན་དང་གཞན་དུ་ཡང་བཞེངས་པར་མཛད་པ་ནི་ཆོས་རྒྱལ་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་ཁྱད་ཆོས་ཤིག་རེད། དེས་ན་རྒྱ་གར་གྱི་རྒྱལ་པོ་མྱ་ངན་མེད་ཀྱིས་བོད་ལ་མཆོད་རྟེན་བཞེངས་པར་མཛད་ ཀྱང་བོད་རྒྱ་གར་གྱི་མངའ་འོག་མིན་པ་བཞིན་བོད་ཀྱི་རྒྱལ་པོས་འབྲུག་ལ་ལྷ་ཁང་ སོགས་བཞེངས་པར་མཛད་ཀྱང་འབྲུག་བོད་ཀྱི་མངའ་འོག་ཡིན་པར་སྒྲུབ་མི་ནུས་སོ།།

 

གཞན་ ཡང་སྔར་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བཙུན་མོ་དམར་བཟའ་རྒྱན་གྱི་ བུ་ཁྱི་ཁ་ར་ཐོད་བསམ་ཡས་ནས་མཐའ་ལ་སྤྱུགས་པའི་ཚེ། ཁྱི་ཁ་ར་ཐོད་དཔོན་གཡོག་རྣམས་ཀྱིས་ལྷོ་བྲག་སྐྱིད་ཤོད་དུ་གནས་གཞིས་བཅས་ཏེ་ སྡོད་པ་ན། ཡུལ་དེ་ཡང་བོད་ཀྱི་ས་ཆ་ཡིན་པར་བརྟེན་བོད་ཀྱི་རྒྱལ་པོས་ཁྱི་ཁ་ར་ཐོད་དཔོན་ གཡོག་རྣམས་ཡུལ་དེ་ནས་ཀྱང་ཡུལ་ཕུད་འདུག། དེ་ནས་ཁྱི་ཁ་ར་ཐོད་དཔོན་གཡོག་རྣམས་ཀྱིས་བོད་ཀྱི་ས་མཚམས་བརྒལ་ནས་མོན་མཁན་པ་ ལུང་དུ་གནས་གཞིས་བཅས་ཏེ་བསྡད་འདུག། དེའི་རྗེས་ཁྱི་ཁ་ར་ཐོད་ཀྱིས་བོད་བསམ་ཡས་ལ་དམག་དྲངས་པས་གུ་རུ་རིན་པོ་ཆེས་ ཁྱི་ཁ་ར་ཐོད་དཔོན་གཡོག་རྣམས་མཁན་པ་ལུང་ནས་མོན་ཡུལ་བུམ་ཐང་དུ་ཡུལ་ཕུད་འདུག། ཡིན་ན་ཡང་མོན་ཡུལ་འདི་ནས་ཡུལ་ཕུད་མིན་འདུག་པས་མོན་ཡུལ་འདི་བོད་ཀྱི་མངའ་འོག་ མིན་པར་ཤེས་ཐུབ་ཀྱི་རེད།

 

དེ་ བཞིན་བདུད་བློན་རྒྱལ་ཏོ་རེ་དང་ཅོག་རོ་ལེགས་སྒྲ་གཉིས་ཀྱིས་རྒྱལ་པོ་ཁྲི་རལ་པ་ ཅན་བཀྲོངས་ཏེ་གླང་དར་མ་རྒྱལ་པོ་བསྐོས་ནས་སངས་རྒྱས་ཀྱི་བསྟན་པ་བཤིག་རྒྱུའི་ འཆར་གཞི་གདིང་བ་ན། ལྷ་སྲས་གཙང་མ་ཡོད་པས་བྱ་སྟབས་མ་བདེ་བར། བདུད་བློན་རྒྱལ་ཏོ་རེའི་བསམ་ངན་གཡོ་འཕྲུལ་གྱིས་ལྷ་སྲས་གཙང་མ་ཡུལ་ཕུད་དུ་ བཅུག་པའི་སྐབས་ཀྱང་ཁྲི་རལ་པ་ཅན་གྱིས་ལྷ་སྲས་གཙང་མ་མོན་ཡུལ་དུ་མཐའ་ལ་སྤྱུགས་ ཡོད་རེད། དེས་ཀྱང་མོན་ཡུལ་ལམ་འབྲུག་ཡུལ་འདི་བོད་ཀྱི་མངའ་འོག་མིན་པར་ཤེས་ཐུབ། དེ་བས་ཀྱང་དུས་རབས་བཅུ་གསུམ་པའི་ནང་དུ་སེ་ཆེན་རྒྱལ་པོས་ས་སྐྱའི་བླ་མ་འགྲོ་ མགོན་ཆོས་རྒྱལ་འཕགས་པ་རྒྱ་ནག་ཏུ་གདན་དྲངས་ནས་ཀྱེ་རྡོར་གྱི་དབང་ཞུས། དེའི་དབང་ཡོན་དུ་བོད་ཁམས་ཡོངས་རྫོགས་ཕུལ་བས་ས་སྐྱ་པས་བོད་ཁམས་ཡོངས་རྫོགས་ལ་ དབང་བསྒྱུར་ཏེ། གཙང་གི་ཆར་གཏོགས་ཁྲི་སྐོར་དྲུག། །དབུས་ཀྱི་ཆ་ལ་ཁྲི་སྐོར་དྲུག། །གཙང་མིན་དབུས་མིན་ཁྲི་སྐོར་གཅིག། །གཙང་མིན་དབུས་མིན་ཞེས་བྱ་བ། །ཡར་འབྲོག་ཁྲི་སྐོར་ཞེས་བྱ་ཡིན། །ཞེས་ཁྲི་སྐོར་བཅུ་གསུམ་དུ་བཟོས་ཡོད་པ་རེད། དེའི་སྐབས་སུ་ཡང་འབྲུག་ཡུལ་འདི་ཁྲི་སྐོར་བཅུ་གསུམ་གྱི་གྲས་སུ་ཚུད་མེད་པས་ འབྲུག་ཡུལ་འདི་བོད་ཀྱི་མངའ་འོག་མིན་པར་ཤེས་ཐུབ་ཀྱི་རེད། དེ་བཞིན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱི་རྣམ་ཐར་ཡིད་ཀྱི་མུན་སེལ་ཞེས་བྱ་ བར། སྔོན་བོད་ཀྱི་རྒྱལ་པོའི་སོ་མཚམས།  ཤར་ རྨ་རི་སྨུག་པོའི་རྒྱུད་ཚུན་ཆད། ལྷོ་གངས་རི་བརྩེགས་པའི་རྒྱུད་ཚུར་ཆད། ནུབ་སྟག་དུང་གི་སྒོ་མོ་མན་ཆད། བྱང་ཆགས་པོ་གངས་ཀྱི་ར་བ་ཚུར་ཆད་ཡིན་པ་ལ་ཞེས་གསལ་པོར་གསུངས་པ་དེས་ཀྱང་འབྲུག་ ཡུལ་བོད་ཀྱི་མངའ་འོག་མིན་པར་ཤེས་ཐུབ་ཀྱི་རེད།

 

ཡང་ ཁྱོད་ཀྱིས་འབྲུག་པ་ཚོས་ཚགས་པར་དང་གཞུང་འབྲེལ་ཡིག་རིགས་རྣམས་རང་གི་ཁ་སྐད་ ལྟར་བྲིས་པ་ལ་ཟུར་ཟའི་ཚིག་ཅིག་བརྗོད་འདུག། ཚགས་པར་དང་གཞུང་འབྲེལ་ཡིག་རིགས་སློབ་དེབ་དང་དུས་དེབ་ཚོ་རང་གི་ཁ་སྐད་ལྟར་ བྲིས་པ་ནི་ང་ཚོ་འབྲུག་པ་ཉག་ཅིག་མ་ཡིན་པར་ཁྱོད་བོད་པས་ཀྱང་དེ་བཞིན་ཡིན་པ་ བསྙོན་མེད་རེད། དེའི་སྐོར་ལ་ངས་རྒྱས་བཤད་རྒྱག་གི་མེད།ནང་པའི་ཆོས་དཔེ་ནི་བོད་པའི་བརྡ་སྤྲོད་པའི་ལུགས་བཞིན་བྲིས་པ་དག་བེད་སྤྱོད་ བྱེད ཟེར་བའི་ཐད། ལེགས་པར་དཔྱད་ན་བོད་པའི་བརྡ་སྤྲོད་པའི་ལུགས་ཡིན་མིན་དཔྱད་གཞི་རེད།

 

ཡང་དེས་བེད་སྤྱོད་བྱེད་པའི་སྐད་ཡིག་ཀྱང་བོད་ཡིག་ཡིནཟེར། སྐད་ཡིག་ནི་འགྲོ་བ་མི་ཡི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད། འགྲོ་བ་མི་ཆགས་པ་ནས་དེའི་སྐད་ཡིག་ཀྱང་རང་བཞིན་གྱིས་གྲུབ་ཀྱི་རེད། སུས་ཀྱང་བཟོས་དགོས་མ་རེད། གང་ནས་ཀྱང་གཡར་དགོས་མ་རེད། ཁྱེད་ལྟར་ན་འབྲུག་པ་ཚོས་བོད་ཀྱི་སྐད་ཡིག་དེ་བརྐུས་ནས་སྤྱད་པ་རེད་གཡར་ནས་ སྤྱད་པ་རེད། ཧ་ཧ་དེ་ལས་ཁྱད་མཚར་བ་ཞིག་མེད།

 

འབྲུག་ པ་ཚོར་ཁྱོད་ཚོའི་ཡི་གེ་དེ་བོད་ཡིག་རེད་ལབ་ན་ཁོང་ཁྲོ་ཚད་མེད་ལང་གི་འདུག ཁོ་ཚོས་འདི་བོད་ཡིག་མ་རེད་འབྲུག་ཡིག་རེད་ཟེར་ནས་ཚུར་རྩོད་པ་རྒྱག་གི་འདུགཟེར། ཁོང་ཁྲོ་ལོད་ལང་། རྐུན་མ་མ་ཡིན་པ་ལ་རྐུན་མའི་ཉེས་པ་འཛུགས་དུས་ཁོང་ཁྲོ་མི་ལང་མཁན་སུ་ཞིག་ཡོད། དེ་འདྲ་ཞིག་ཡོད་ན་མི་དེ་ནི་ཀླད་མེད་སྤྲེའུ་རིགས་ཤིག་ཡིན་པར་ངོས་བཟུང་གི་ ཡིན། རྩོད་པ་རྒྱག་གི་འདུག་ཟེར། ལུང་དང་རིག་པའི་སྒོ་ནས་ལོག་རྟོག་སུན་འབྱིན་པ་ནི་མཁས་པའི་ཁྱད་ཆོས་ཤིག་རེད། ཁྱེད་ ཀྱིས་བྱས་ན་འབྲུག་པོ་ཚོ་ལྐུགས་པ་ནང་བཞིན་ཁ་བཙུམས་ནས་སྡོད་དགོ་ཟེར་གྱི་རེད་ པས། དེའི་ཐད་ལ་བརྗོད་རྒྱུ་མང་པོ་ཞིག་ཡོད། ཡིན་ན་ཡང་དེ་རིང་དེ་ཙམ་གྱིས་ཆོག་པར་བྱོས།

 

རྡོ་རྗེ་རྒྱལ་མཚན་གྱིས་འབྲུག་ཡུལ་ནས་སྤེལ།