ྋགོང་ས་མཆོག་སྤི་ཏི་ས་ཁུལ་དུ་ཆིབས་བསྒྱུར།
སེམས་ཅན་ཐམས་ཅད་ལ་ཕན་བདེ་བསྒྲུབ་ཐུབ་པ་ཞིག་བྱུང་ན། རྒྱུ་མཚན་ལྡན་པ་རེད་ལ། རླབས་ཆེན་པོ་ཆགས་ཀྱི་ཡོད་པ་རེད་ཅེས་ྋགོང་ས་མཆོག་གིས་གསུངས་ཡོད་པ་རེད།
ཟླ་འདིའི་ཕྱི་ཚེས་༩ ཉིན་ྋགོང་ས་མཆོག་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤི་ཏི་དཀར་མཛེས་ཡུལ་དུ་ཆིབས་བསྒྱུར་གནང་སྟེ། དཀར་མཛེས་ས་སྐྱ་བསྟན་བརྒྱུད་དགོན་པའི་འདུ་ཁང་གསར་བཞེངས་སྒོ་འབྱེད་གནང་ཡོད་པ་དང༌། ངོར་ཁང་སར་ཞབས་དྲུང་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་དགོན་པའི་ལོ་རྒྱུས་ངོ་སྤྲོད་སྙིང་བསྡུས་གནང་ཡོད་པ་རེད། དེ་རྗེས་ྋགོང་ས་མཆོག་གིས་གཙུག་ལག་ཁང་རྟེན་དང་བརྟེན་པ་ལེགས་གྲུབ་བྱུང་རྗེས་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེན་སྤེལ་དགོས་པ་དང༌། དགོན་པའི་ནང་གྲྭ་པ་གཅིག་པུ་ཙམ་མ་ཡིན་པར་མི་མང་དང༌། ནང་ཆོས་ལ་དོ་སྣང་ཡོད་མཁན་གཞོན་སྐྱེས་དང་སློབ་ཕྲུག་རྣམས་ཀྱང་འཛོམས་ནས་ནང་ཆོས་ཡར་རྒྱས་འགྲོ་བའི་བགྲོ་གླེང་བྱ་ས་ཞིག་ཏུ་ཆགས་ན་གཙུག་ལག་ཁང་བཞེངས་པའི་ཕན་ཐོགས་པ་རེད་ཅེས་དང༌། མི་མང་ནང་དུ་རྒད་པོ་རྒད་མོ་ཡིན་ནའང་བོད་ཡིག་སྦྱངས་ཏེ་ནང་ཆོས་ཤེས་ཐབས་བྱེད་དགོས་པ་ལས། ང་ཚོའི་ཕ་མེས་ཡང་མེས་ནས་ནང་ཆོས་བྱེད་ཀྱི་ཡོད་པ་རེད་ཟེར་ནས་སངས་རྒྱས་དཀོན་མཆོག་གང་ཡིན་པ་དང༌། དགེ་འདུན་དཀོན་མཆོག་གང་ཡིན་པ། ཆོས་དཀོན་མཆོག་གང་ཡིན་པ་མི་ཤེས་པར་བསྡད་ན་དེང་སང་དེ་ཡིས་འགྲིག་གི་ཡོད་པ་མ་རེད་ཅེས་སོགས་བཀའ་སློབ་གནང་ཡོད་པ་རེད།
ཚེས་༡༠ ཉིན་ཞེན་པ་བཞི་བྲལ་གྱི་གདམས་ངག་གི་ཐོག་ནས་གསུང་ཆོས་གནང་ཡོད་པ་དང༌། ཧི་མ་ལ་ཡ་ནང་པའི་མཐུན་ཚོགས་ནས་གོ་སྒྲིག་གནང་བའི་ས་སྐྱ་པཎ་ཌི་ཏའི་འཕགས་བོད་ཀྱི་ཆོས་རིག་ལ་སྨན་པའི་མཛད་འཕྲིན་ཞེས་པའི་བགྲོ་གླེང་དབུ་འབྱེད་ཀྱང་གནང་ཡོད་པ་རེད། ཚེས་༡༡ ཉིན་གྱི་སྔ་དྲོ་ཞེན་པ་བཞི་བྲལ་གྱི་གདམས་ངག་གི་གསུང་ཆོས་གྲུབ་རྗེས། ཐུགས་རྗེ་ཆེན་པོའི་བཀའ་དབང་གི་སྟ་གོན་མཛད་ཡོད་ཅིང། ཚེས་༡༢ ཉིན་ཐུགས་རྗེ་ཆེན་པོའི་བཀའ་དབང་དང། མི་མང་ལ་བླང་དོར་གྱི་བཀའ་སློབ་གནང་རྗེས། བྲག་མཁར་དགོན་དུ་ཆིབས་སྒྱུར་གནང་ཡོད་པ་རེད།
ཚེས་༡༣ ཉིན་གྱི་སྔ་དྲོ་བྲག་མཁར་དགོན་གསར་རྙིང་གཉིས་ཀར་གཟིགས་སྐོར་དུ་ཕེབས་པ་དང། སྒྲོལ་དཀར་ཚེ་དབང་གནང་རྗེས་རྟ་ཕོ་དགོན་དུ་བཞུགས་ཞག་ཆིབས་བསྒྱུར་གནང་ཡོད་པ་རེད། ཚེས་༡༤ ཉིན་གྱི་སྔ་དྲོ་རྟ་ཕོ་དགོན་དུ་རྟེན་འབྲེལ་བསྟོད་པའི་སྒོ་ནས་གསུང་ཆོས་གནང་བ་དང༌། ཕྱི་དྲོ་གསེར་ཀོང་སློབ་གྲྭའི་ནང་དུ་གཟིགས་སྐོར་ལ་ཕེབས་ཡོད་པ་རེད། ཚེས་ ༡༥ ཉིན་བཞུགས་སྒར་དུ་ཆིབས་སྒྱུར་གནང་རྒྱུ་ཡིན་པ་རེད།།
ངག་དབང་བྱམས་པས་སྤི་ཏི་ནས།
