ཐེ་ཝན་ནང་བོད་ཀྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ།
ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། ཐེ་སྡོད་བོད་རིགས་ཚོགས་པ་ནས་གོ་སྒྲིག་འོག ཟླ་འདིའི་ཚེས་ ༢༠ ཉིན་ཐེ་པེ་གྲོང་ཁྱེར་ནང་ ༢༠༡༤ ལོ་བོད་ཀྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་། དེར་རྒྱལ་ཁབ་འདྲ་མིན་གྱིས་མི་གྲངས་༥༠ ལྷག་མཉམ་ཞུགས་བྱས་ཡོད་པ་རེད།
འབྲེལ་ཡོད་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཉིན་དེའི་སྔ་དྲོ་ཐེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་གིས་ས་གནས་འདྲ་མིན་ནས་ཕེབས་པའི་སྐུ་མགྲོན་རྣམས་ལ་འཚམས་འདྲིའི་ཞུས་རྗེས་དངོས་གཞིའི་བགྲོ་གླེང་འགོ་འཛུགས་གནང་། ཚོགས་ཐེངས་དང་པོ་རྒྱ་ནག་ཁུན་མིང་གྲོང་ཁྱེར་གྱི་དོན་རྐྱེན་བྱུང་བའི་རྐྱེན་རྩ་དང་མཇུག་འབྲས་ཞེས་པའི་བརྗོད་གཞིའི་ཐོག་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་དང་། ཉི་ཧོང་དུ་གནས་ཞུགས་འཛམ་གླིང་ཤར་ཏུར་ཀི་མཐུན་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་དབྱི་ལི་ཧཱ་མུ། ཐེ་ཝན་ཀྲུང་ཧྭ་གཙུག་ལག་སློབ་ཆེན་དགེ་རྒན་ཆེན་མོ་སྐུ་ཞབས་ཙེང་ཅན་ཡོན་བཅས་ནས་གཏམ་བཤད་གནང་།
ཚོགས་ཐེངས་གཉིས་པ་༧གོང་ས་ཏཱ་ལའི་བླ་མའི་དབུ་མའི་ལམ་དང་རྒྱ་ནག་གི་རྩ་ཁྲིམས་ཞེས་པའི་བརྗོད་གཞིའི་ཐོག་ཐེ་ཝན་གྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སེམས་ཁུར་མཐུན་ཚོགས་འགན་འཛིན་དང་ཐེ་ཝན་རླུང་འཕྲིན་དང་བརྙན་འཕྲིན་གཙོ་སྐྱོང་མཁན་སྐུ་ཞབས་ཡཱང་ཤན་ཧུང་དང་། ཐེ་ཝན་ཧྥུ་དབྱིང་ཚན་རྩལ་སློབ་ཆེན་དགེ་རྒན་ཆེན་མོ་སྐུ་ཞབས་སུའུ་ཅཱ་ཧོང་། ཐེ་ཝན་ཧྥུ་རན་སློབ་ཆེན་དགེ་རྒན་ཆེན་མོ་སྐུ་ཞབས་ཝུ་ཧའོ་རན། ཐེ་ཝན་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་སུན་ཀྲེ་བྷེན་བཅས་ཀྱིས་གཏམ་བཤད་གནང་།
ཚོགས་ཐེངས་གསུམ་པ་ཤར་ཏུར་ཀི་སི་ཐན་དང་། བོད། ནང་སོག་བཅས་ལས་རྒྱ་ནག་གི་མི་རིགས་གནད་དོན་ལ་བལྟ་བ་ཞེས་པའི་བརྗོད་གཞིའི་ཐོག་གངས་ལྗོངས་དཔེ་སྐྲུན་ཁང་གི་འགན་འཛིན་སྲས་མོ་ལེའེ་གཡུས་ཉིང་དང་། ཧྥ་རན་མི་རིགས་སྲས་མོ་ཅིའི་ཀྲུའི་ལི། ཐེ་ཝན་ཀྲུང་ཤིང་སློབ་ཆེན་དགེ་རྒན་ཆེན་མོ་གྲན་མུའུ་མིན། སོག་པོ་མི་རིགས་བྷའོ་དབྱིན་ཐུའུ་བཅས་ནས་གཏམ་བཤད་གནང་།
ཚོགས་ཐེངས་བཞི་པ་མང་གཙོ་ཅན་དང་མི་རིགས་ཀྱི་གནད་དོན་ཞེས་པའི་བརྗོད་གཞིའི་ཐོག་ཐེ་ཝན་ལུང་མེན་སློབ་འབྲིང་གི་དགེ་རྒན་ལུའུ་ཧུད་ཅོན་དང་། དབྱི་སི་རེར་གནས་སྡོད་རྒྱ་ནག་མང་གཙོ་དོན་གཉེར་བ་སྲས་མོ་ཐང་ཏན་ཧུང། ཨ་རི་མི་རིགས་ ཐེ་ཝན་མཉམ་འབྲེལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲའོ་ཏེ་རུང་བཅས་ནས་གཏམ་བཤད་གནང་།
ཚོགས་ཐེངས་ལྔ་པ་ཐེ་ཝན་མི་མང་གིས་བོད་མིར་རྒྱབ་སྐྱོར་ཞེས་པའི་བརྗོད་གཞིའི་ཐོག་ཐེ་ཝན་སྲོག་ཁྲིམས་བཀག་འགོག་མཐུན་ཚོགས་ཀྱི་ཚོགས་གཙོ་ལིན་ཤིའི་ཡེ་དང་། ཐེ་ཝན་ངལ་རྩོལ་ལས་མིའི་ཐོབ་ཐང་སྲུང་སྐྱོབ་དྲུང་ཆེ་སྐུ་ཞབས་སུན་ཡོའོ་ལན། ཐེ་ཝན་གྲོས་ཚོགས་འཐུས་མིའི་ལས་རོགས་སྲས་མོ་ལིའི་ཅེ་མེའི། ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་སྐུལ་སྤེལ་ཚོགས་པའི་སྲས་མོ་ཆིའུ་དབྱི་ལིང་བཅས་ནས་གཏམ་བཤད་གནང་།
ཐེངས་འདིར་ཨ་རི་དང་། ཧྥ་རན་སི། དབྱི་སི་རལ། ཉི་ཧོང་། ཧོང་ཀོང་། ཨོ་མེན། རྒྱ་ནག་སྐམ་ས་སོགས་ནས་ཁྱོན་མི་གྲངས་༥༠ ལྷག་མཉམ་ཞུགས་བྱས་ཡོད་པ་དང་། དེའི་ཁོངས་རྒྱ་མི་རིགས་དང་། སོག་པོ། ཤར་ཏུ་ཀི་སི་ཐན་སོགས་ཡོད་པ་རེད།
༢༠༡༡ ལོ་ནས་བཟུང་ལོ་ལྟར་ཐེ་ཝན་ནང་གཙོ་བོ་དགེ་རྒན་དང་། ཞིབ་འཇུག་པ། སློབ་མ་སོགས་བོད་དོན་ཐོག་རྒྱུས་མངའ་ཡོད་པའི་མི་སྣ་གདན་འདྲེན་ཞུས་ཏེ་བོད་ཀྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཐེངས་རེ་འཚོག་བཞིན་ཡོད་པ་དང་། འདས་པའི་ལོ་གསུམ་གྱི་བགྲོ་གླེང་ཚོགས་འདུའི་ཐོག་གི་དཔྱད་རྩོམ་ཁག་ཕྱོགས་སྒྲིག་གིས་གངས་ལྗོངས་དཔེ་སྐྲུན་ཁང་ནས་དཔར་འགྲེམས་བྱས་ཡོད་པ་རེད།།