ལྡན་མ་བློ་ཆོས་རིན་པོ་ཆེར་མྱ་ངན་གུས་འདུད།
ཟླ་འདིའི་ཚེས་༢༣ ཉིན་གྱི་ཕྱི་དྲོ་རྣམ་གྲྭ་མཁན་ཟུར་ལྡན་མ་བློ་ཆོས་རིན་པོ་ཆེ་དྷ་རམ་ས་ལའི་ཁོང་གི་གཟིམ་ཤག་ཏུ་དགོངས་པ་གཞན་དུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དང་སྒོ་མང་གྲྭ་ཚང་གཉིས་ཀྱིས་ཚོང་ཁང་སོགས་སྒོ་བརྒྱབ་ནས་མྱ་ངན་གུས་འདུད་ཞུས་པ་དང་།ཉིན་དེའི་ཕྱི་དྲོ་གྲྭ་ཚང་གཉིས་ཀྱི་འདུ་ཁང་ནང་གྲྭ་མང་འཚོགས་ནས་སྨོན་ལམ་གསུང་ཡོད་པ་རེད།
དེ་གཞིན་ཚེས་༢༤ ཉིན་གྱི་དགོང་མོ་འབྲས་སྤུངས་བླ་སྤྱིའི་འདུ་ཁང་ནང་འབྲས་སྤུངས་སྒོ་མང་དང་བློ་གསལ་གླིང་གྲྭ་ཚང་གཉིས་ཀྱི་གྲྭ་མང་ཡོངས་འཚོགས་ནས་ཞིང་གཤེགས་དམ་པ་ཁོང་གི་ས་ལམ་གྱི་བར་ཆད་ཡོངས་ཞི་ཆེད་དུ་དམིགས་ནས་མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ། འཇམ་དཔལ་མཚན་བརྗོད་བཅས་གསུང་གནང་ཡོད་པ་རེད།
གཞན་ཡང་དམ་པ་ཁོང་གི་བླ་བྲང་དང་ལྡན་མ་ཁམས་ཚན་ཐུན་མོང་གི་ངོས་ནས་དགོངས་རྫོགས་མཆོད་འབུལ་དུ་དགའ་ལྡན་ཁྲི་རིན་པོ་ཆེས་བཀའ་གནང་བ་བཞིན། ལེགས་བཤད་སྙིང་པོ་དང་། མངོན་རྟོགས་རྒྱན། དབུ་མ་འཇུག་པ། བླ་མ་མཆོད་པ། བཟང་སྤྱོད་སྨོན་ལམ་བཅས་གང་མང་གསོག་སྒྲུབ་གནང་བཞིན་ཡོད་པ་རེད་འདུག །
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།