༧གོང་ས་མཆོག་གིས་རྒྱ་ནག་སྐམས་ས་ནས་ཕེབས་པའི་རྒྱ་རིགས་ཁག་ཅིག་ལ་མཇལ་ཁ་གནང་བ།

ཟླ་འདི་ཚེས་༢༧ཉིན་གྱི་སྔ་དྲོ་བྱང་ཆུབ་ལམ་རིམ་གྱི་གསུང་ཆོས་ཉིན་ལྔ་པའི་བཀའ་ཁྲིད་དབུ་འཛུགས་མ་གནང་བའི་སྔོན་དུ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་རྒྱ་ནག་སྐམས་ས་ཆེན་པོ་ནས་ཕེབས་པའི་རྒྱ་རིགས་དད་ལྡན་ཆོས་ཞུ་བ་༡༠༠ ལྷག་གཙོ་བོར་གྱུར་བའི་ཐེ་ལྦན་དང་སིངྒ་པུར་སོགས་ནས་ཕེབས་པའི་རྒྱ་རིགས་༣༠༠ བརྒལ་བ་ཞིག་ལ་མཇལ་འཕྲད་བཀའ་སློབ་གནང་ཡོད་པ་རེད།

སྐབས་དེར་༧གོང་ས་མཆོག་གིས་རྒྱ་རིགས་རྣམས་ལ་རང་གི་ཕ་མེས་ནས་བརྒྱུད་པའི་ཁྱད་ཆོས་དང་རིན་ཐང་ལྡན་པ་ནང་ཆོས་ལ་ཤེས་ནས་དད་པ་ཐོབ་པ་དང་མི་ཉམས་རྒྱུན་འཛིན་བྱེད་དགོས་པའི་བཀའ་སློབ་གནང་འདུག   དེ་བཞིན་ཉིན་དགུང་སླར་ཡང་༧གོང་ས་མཆོག་གིས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་འདུ་ཁང་ཡང་ཐོག་ཏུ་ཐའེ་ལྦན་གྱི་རྒྱ་རིགས་ཆོས་ཞུ་བ་ཚོར་དམིགས་བསལ་མཇལ་ཁ་དང་བཀའ་སློབ་གནང་ཡོད་པ་རེད།

དེ་ནས་བྱང་རྩེ་གྲྭ་ཚང་དུ་ལམ་རིམ་གསུང་ཆོས་དང་འབྲེལ་༧གོང་ས་མཆོག་གིས་དགེ་སློང་མའི་སྡོམ་རྒྱུན་སྐོར་ལ་བཀའ་སློབ་བསྩལ་གནང་དོན། བོད་དུ་དགེ་སློང་མའི་སྡོམ་རྒྱུན་མེད་དོན་ནི་སྔ་མོ་རྒྱ་གར་ནས་བོད་དུ་དགེ་སློང་མ་ཕེབས་ཐུབ་མེད་པར་རྟེན་ནས་ཡིན་པ་མ་ཟད། དགེ་སློང་མའི་སྡོམ་རྒྱུན་སྐོར་ལ་ད་བར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བགྲོ་གླེང་རིམ་པར་བྱས་ཀྱང་ད་དུང་ཡང་གསལ་པོ་ཞིག་བྱུང་ཡོད་པ་མ་རེད་ཅེས་དང་།

༧གོང་ས་མཆོག་གིས་བཤེས་གཉེན་བསྟེན་ཚུལ་སྐོར་ལ་བཀའ་གནང་དོན། དེང་སྐབསའཛམ་གླིང་ཆོས་ལུགས་ཁག་གི་ནང་ནས་གཅེར་བུ་དང་ཡེ་ཤུ་སོགས་མང་པོ་ཞིག་སྤྱོད་པའི་ཆ་ནས་གཞན་ཕན་དང་འཚེ་བ་མེད་པའི་སྤྱོད་པ་བཟང་པོ་ཞིག་ཡོད་ཀྱང་། ལྟ་བའི་ཆ་ནས་ནང་པ་སངས་རྒྱས་པ་དང་མི་འདྲ་བ་ཡོད་པ་སོགས་དང་། གཞན་ཡང་ཆོས་ལུསག་ཚང་མའི་རྗེས་འབྲངས་པ་ཚོས་རང་གི་ཆོས་ལུགས་ལ་རྩེ་གཅིག་ཏུ་དད་པ་བྱེད་ཀྱི་ཡོད་ཀྱང་ཤེས་རབས་ཀྱི་གྲོགས་དང་བཅས་པའི་དད་པ་ཞིག་མེད་ན་དད་པ་ཡོད་པ་ཙམ་གྱིས་ངོ་མཚར་སྐྱེ་དགོས་པའི་རྒྱུ་མཚན་མེད་པའི་སྐོར་དང་།

གཞན་ཡང་༧གོང་ས་མཆོག་གིས་དལ་འབྱོར་དོན་ཆེའི་སྐོར་ལས་འཕྲོས་ཏེ་བཀའ་གནང་སྐབས་དེང་དུས་ཀྱི་མི་རྣམས་ཀྱི་ཤེས་ཡོན་དང་རྣམ་དཔྱོད་ཆ་ཚང་བ་ཆགས་སྡང་སོགས་དབང་པོ་ལྔའི་འདོད་ཡོན་ཁོ་ནའི་ཐོག་བཏང་བསྡད་པ་ཡིན་ན་དུད་འགྲོ་དང་ཁྱད་པར་མེད་པ་རེད་ཅེས་སོགས་བཀའ་གནང་སོང་།།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།