པོ་ལི་ཡོའོ་སྔོན་འགོག་ཆེད་བྱིས་པའི་སྨན་བཅོས་ལས་གཞི་འགོ་འཛུགས།

ཟླ་འདིའི་ཚེས་༡༨ ཉིན་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་གིས་དྷ་སའི་ཛོ་ནལ་སྨན་ཁང་ གི་ནང་བྱིས་པ་ལོ་ལྔ་མན་ཆད་ཁག་གཅིག་ལ་པོ་ལི་ཡོའོ་སྨན་ཐིག་ (polio drops) ཁའི་ནང་བླུགས་ནས་གཅོང་ནད་སྔོན་འགོག་གི་ལས་གཞི་འགོ་འཛུགས་བྱས་ཡོད་པ་རེད།

IMG_2498
tibet.net

བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། སྤྱིར་ལས་གཞི་འདི་ལོ་ལྟར་ལག་བསྟར་བྱེད་བཞིན་ཡོད་ཀྱང་། ཕྱི་ལོ་ ༢༠༡༥ ལོར་ IPPI 2015 (Intensified pulse polio immunization) ལས་གཞི་འདི་དེ་སྔ་ལས་ཤུགས་ཆེ་བ་དང་རྒྱ་ཆེ་རུ་གཏོང་སླད་དམིགས་བསལ་འབད་བརྩོན་ཐོག་སྤེལ་བ་ཞིག་ཡིན་སྐོར་སྨན་ཁང་ཁག་ནས་གསལ་བསྒྲགས་སྤེལ་འདུག

གཞི་རྩའི་རྒྱ་གར་རྒྱལ་ཡོངས་སུ་༡༩༩༥ ལོར་ལས་གཞི་འདི་འགོ་བཙུགས་ཟིན་ནས་ད་བར་པོ་ལི་ཡོའོ་ཞེས་ལུས་པོ་གཅོང་ནད་ཀྱི་ནད་གཞི་འདི་སྔོན་འགོག་ཆེད། ས་ཁུལ་འདྲ་མིན་གང་སར་བྱིས་པ་ལོ་ལྔ་མན་ཆད་རྣམས་ལ་པོ་ལི་ཡོའོ་སྨན་ཐིག་ཁའི་ནང་བླུགས་ཏེ་ལས་འགུལ་སྤེལ་བཞིན་འདུག དེར་བརྟེན་ལོ་ལྟར་སྔོན་འགོག་ལས་གཞི་འདིའི་ཉིན་ National Immunization Day བྱིས་པ་ས་ཡ་ ༡༧༢ ཙམ་ལ་སྨན་ཐིག་བླུགས་ཀྱི་ཡོད་པས། ཕྱི་ལོ་༢༠༡༡ ཟླ་༡ ཚེས་༡༣ ནས་ད་བར་པོ་ལི་ཡོའོ་ན་མཁན་གཅིག་ཀྱང་མ་བྱུང་སྟབས། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་འཕྲོད་བསྟེན་ལས་ཁུངས་ནས་ཀྱང་ཕྱི་ལོ་༢༠༡༢ ཟླ་༢ ཚེས་༢༤ ཉིན་པོལི་ཡོའོ་ནད་གཞི་ཁྱབ་བརྡལ་ཤུགས་ཆེ་འགྲོ་ཡུལ་གྱི་ཐོ་གཞུང་ནས་རྒྱ་གར་གྱི་མིང་གཞུང་ཕྱིར་བསྡུ་བྱས་ཡོད་འདུག གཞན་ཡང་ཧི་མཱ་ཅལ་མངའ་སྡེར་མཚོན་ན། ༢༠༠༩ ལོ་ནས་བཟུང་པོ་ལི་ཡོའོ་ནད་གཞི་ཕོག་མཁན་གཅིག་ཀྱང་བྱུང་མེད་པ་རེད།

དེར་བརྟེན་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་གིས་ཛོ་ནལ་སྨན་ཁང་གི་སྨན་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་སྨན་པ། དེ་བཞིན་སྨན་ཞབས་པ་དང་འབྲེལ་ཡོད་ལས་བྱེད་རྣམས་ཀྱིས་ད་བར་འབད་བརྩོན་ཧུར་བརྩོན་ལ་བརྟེན་པོ་ལི་ཡོའོ་སྔོན་འགོག་འཐུས་སྒོ་ཚང་པོ་བྱུང་ཐུབ་པ་དེར་འཚམས་འདྲི་དང་བསྔགས་བརྗོད་གནང་བ་དང་སྦྲགས། འབྱུང་འགྱུར་ཡང་འབད་བརྩོན་ལྷོད་མེད་ཐོག་མུ་མཐུད་པོ་ལི་ཡོའོ་ནད་གཞི་སྔོན་འགོག་ཡོང་ཐབས་གནང་དགོས་པའི་རེ་འདུན་ཡང་བཏོན་འདུག

དེ་བཞིན་བཀའ་བློན་གྱིས་བོད་མི་རྣམས་ཀྱིས་རང་གི་བྱིས་པ་ལོ་ལྔ་མན་ཆད་རྣམས་ཉེ་འགྲམ་གྱི་སྨན་ཁང་གང་རུང་དུ་ཁྲིད་ནས་པོ་ལི་ཡོའོ་སྔོན་འགོག་གི་སྨན་ཐིག་དུས་ཐོག་བླུག་གལ་ཆེ་བ་ཡིན་སྐོར་གསུངས་འདུག

གསར་འགོད་པ་ཆོས་ཉིད་འོད་ཟེར།