ཐེ་ཝན་ལ་འཛམ་གླིང་རྒྱལ་སྤྱིའི་རོགས་རམ།
དེ་ཡང་ཐེ་ཝན་དུ་རྒྱལ་སྤྱིའི་རོགས་རམ་མང་པོ་ཞིག་འབྱོར་བཞིན་པ་དང༌། དེའི་ནང་ནས་གཙོ་བོ་ཨ་རིའི་གནམ་དམག་སྡེ་ཚན་གྱི་མཐུན་འགྱུར་འོག ཐེ་ཝན་དུ་ཆུ་ལོག་གི་ཆག་སྒོ་བྱུང་ནས་བདུན་གཅིག་ཙམ་ལས་མ་སོང་བའི་སྐབས་ནས་རོགས་རམ་བྱེད་འགོ་བཙུགས་ཡོད་པ་དང༌། ད་དུང་ཡང་ཨ་རིའི་ཐད་འཕུར་གནམ་གྲུ་མང་པོས། ཆུ་ལོག་གི་གནོད་སྐྱོན་ཕོག་ས་དང་ས་གཤིས་བརྟན་པོ་མེད་ས་མང་པོ་ནས། ཐེ་ཝན་མི་མང་གཉེན་གཡོལ་ལ་འགྲོ་རྒྱུར་རོགས་རམ་བྱེད་བཞིན་ཡོད་པ་མ་ཟད། ས་རྐོ་བྱེད་དང་ལམ་ཁ་གཙང་མ་བཟོ་བྱེད་སོགས་ཡོ་ཆས་མང་པོ་ཞིག་གི་རོགས་རམ་བྱས་དང་བྱེད་བཞིན་ཡོད་པ་རེད།
ཐེ་ཝན་གྱི་སྲིད་འཛིན་མཱ་ཡིན་ཇུས་ཀྱིས་མི་གྲངས་༥༠༠ ཙམ་ཤི་གསོན་ཧ་མི་གོ་བའི་ཐོག་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གཏམ་བཤད་སྤེལ་ཡོད་པ་དང༌། མི་མང་གིས་གཞུང་གི་རོགས་རམ་མྱུར་པོ་དང་འཐུས་ཚང་མེད་པར་སྐྱོན་བརྗོད་བྱས་ཏེ། དེང་སྐབས་ཐེ་ཝན་གཞུང་དང་མི་མང་གཉིས་ཀར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད། གཞུང་དང་མི་མང་གཉིས་ཀར་དཀའ་ངལ་ཡོད་པའི་དུས་དང་བསྟུན་ནས། རྒྱ་ནག་སྐམ་ས་ཆེན་མོ་ནས་གོ་སྐབས་བཙལ་ཏེ། གཞུང་དམག་གི་གནམ་གྲུ་སོགས་ཀྱིས་རོགས་རམ་བྱེད་རྒྱུའི་འཆར་འགོད་བྱས་ཡོད་ཀྱང༌། ཐེ་ཝན་གཞུང་གིས་ངོས་ལེན་བྱས་མེད་པ་རེད།
ཕྱི་ལོ་༡༩༤༩ ནས་ད་ལྟའི་བར་ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་མོ་གཉིས་བར་འབྲེལ་ལམ་ཡག་པོ་མེད་པ་དང༌། ལྷག་དོན་ཐེ་ཝན་རང་བཙན་ཚོགས་པ་སོགས་ཀྱིས་རྒྱ་ནག་ལ་ངོ་རྒོལ་ཡང་ཡང་བྱེད་ཀྱི་ཡོད་པས། ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་མོ་གཉིས་དབར་ཞི་བདེའི་ཆིངས་ཡིག་ལ། ཕྱོགས་གཉིས་ཀས་ས་རྟགས་གཅིག་ཀྱང་རྒྱག་མྱོང་མེད་པས། ད་ཐེངས་ཀྱི་རྒྱ་ནག་སྐམ་ས་ཆེན་མོའི་དམག་གི་རོགས་རམ་སོགས་ཐེ་ཝན་གཞུང་གིས་ངོས་ལེན་བྱས་མེད་པ་རེད།།