གཉིད་མ་ཁུག་པའི་མཚན་མོ།
ཚོགས་འདུའི་ཐོག་སྔ་སྲོལ་ལྟར་གྲོས་ཆོད་རེ་རེ་བཞིན་ལ་དགོངས་འཆར་གསུངས་པ་བརྒྱུད་ནས་མཐར་སྤྱི་འཐུས་སྒེར་གྱིས་བཏོན་པའི་གྲོས་ཆོད་ཅིག་གི་ཐོག་བགྲོ་གླེང་ཤུགས་ཆེར་བྱུང་བ་མ་ཟད།ལྡོག་ཕྱོགས་ཀྱི་བསམ་ཚུལ་གཉིས་ལ་གླེང་སློང་མི་འདྲ་བ་གནང་སོང༌།དེ་ནི་སྤྱི་འཐུས་སྒེར་གྱི་ཕྱི་བསྐྱོད་ཀྱི་འགྲོ་འགྲོན་གྲོས་ཚོགས་ནས་གཏོང་དགོས་མིན་སྐོར་ཡིན་ཞིང༌།གནས་དོན་དེ་སྔོན་ནས་རྒྱུན་ལས་ཚོས་མང་མོས་ཀྱི་སྤྱི་འཐུས་དེར་འགྲོ་འགྲོན་བཏང་དགོས་པའི་ཐག་གཅོད་བྱུང་ཞིང༌།ཐག་གཅོད་དེར་སྒེར་གྱི་གྲོས་ཆོད་བཏོན་མཁན་ཚོས་ངོ་རྒོལ་བྱས་པ་དང༌།བློ་མ་མཐུན་པའི་ཕྱོགས་གཉིས་ནས་ཕ་རོལ་པོས་ཕྱོགས་རིས་ཀྱི་དཔུང་བསྒྲིག་ཀྱང་བྱས་ཚུལ་ཤུགས་ཆེར་གསུངས་སོང༌།
སྒེར་ལ་མཚོན་ན་དེ་སྔོན་རང་གཞུང་སྤྱི་འཐུས་ཚོགས་རྭར་ཐེངས་འགར་ཟུར་ཉན་བཅར་མྱོང་ལ།དམར་ཤོག་ཚོས་སྲིད་དབང་སྒེར་གཅོད་ཀྱི་འོག་ཏུ་འཐུས་མི་ཡིན་ཟེར་མཁན་དོན་དམ་ལ་དམར་ཤོག་ག་གེ་མོ་འགའི་བྲན་དུ་ཚུད་ཚར་ཞིང༌།གནས་ཚུལ་གང་ཡིན་ཡང་ཚོགས་ར་ཕྱི་ནས་འབྲེལ་ཡོད་སྒེར་གཅོད་པ་ཚོས་ཐག་ཆོད་ཟིན་བའི་གནས་སྟངས་དང་ལྡོག་སྟེ།རང་རིགས་ཀྱི་སྤྱི་འཐུས་ཚོས་ཡོང་དགོས་ངེས་ཀྱི་བསམ་འཆར་མི་འདྲ་བར་བརྡར་ཤ་བཅད་ཅིང༌།ཚ་ཚ་འུར་འུར་གྱིས་དམངས་གཙོའི་ལུགས་སྲོལ་བཟང་པོ་མཐོང་དུས་ཚོར་འདུའི་རྐྱེན་པའི་གུས་མོར་ཡིད་འགུལ་ཐེབས་ཤིང༌།འགོག་མ་ཐུབ་པའི་མིག་ནང་མཆི་ཞག་ཀྱང་ཐེངས་མང་འཁོར་མྱོང༌།
དེ་ཐེངས་ཀྱི་གླེང་གཞི་དེ་མཐའ་མའི་ཐག་གཅོད་ཇི་ལྟར་བྱུང་ཡང༌།སྒེར་གྱི་བསམ་ཚུལ་ལ་གནས་དོན་འདི་ནས་བཟུང་།ང་ཚོའི་སྤྱི་འཐུས་སུ་ཞིག་ཡིན་ཡང་གཞུང་ཕྱོགས་ནས་འགྲོ་འགྲོན་བཏང་བར་དགེ་མཚན་ཡོད་པར་མཐོང༌།རྒྱུ་མཚན་ནི་ང་ཚོའི་སྤྱི་འཐུས་ལས་ཐོག་དང་གཞན་གང་རུང་རྣམས་རང་རིགས་སྤྱི་ཚོགས་ནང་མི་དམངས་ཀྱི་ཡིད་ཆེས་འཕེལ་ཞིང༌།ཐད་ཀར་འོས་འདེམས་གནང་བའི་ཨ་ཡོད་ནང་གི་ད་ཡོད།སྒོ་ང་ནང་གི་སེར་རིལ་ཞེས་པའི་དཔེ་ལྟར་ཡིན་ཡང༌།དེ་དག་གི་དཔལ་འབྱོར་དང་འཚོ་བའི་ཆ་རྐྱེན།སྨན་དོད་དང་ཕྱོགས་བསྐྱོད་ཀྱི་འགྲོ་གྲོན་སོགས་ལ་མཐུན་འགྱུར་ཤིན་ཏུ་ཞེན་པར་སྣང༌།
གནས་ཚུལ་དེའི་སྐོར་རྒྱུད་ཡོད་ཀྱི་མདོ་སྨད་སྤྱི་ཟུར་ཧོར་གཙང་འཇིགས་མེད་ཀྱིས།བཀའ་ཁྲིའི་འོས་གཞི་ལས་འཕྲོས་པའི་གླེང་མོལ།ཞེས་པའི་རྩོམ་ནང༌།དེ་སྔོན་སྐྱབས་བཅོལ་གཞུང་གི་སྤྱི་འཐུས་གཅིག་ལ་ཟླ་རེར་མཚན་དོད་ཧིན་སྒོར་༨༠༠ཡོད་ཅིང༌།གལ་སྲིད་སྤྱི་འཐུས་ཤིག་ལ་སྤྱི་དོན་ཁོ་ན་སྒྲུབ་པའི་ཆོད་སེམས་ཡོད་པའི་དབང་དུ་བཏང་ཡང༌། ཧིན་སྒོར་བརྒྱད་བརྒྱ་དེས་ཟླ་བ་གཅིག་གི་ཁང་གླ་ཙམ་ཡང་མི་འདང་ན་ཁོ་རང་གི་མི་ཚེ་ཇི་ལྟར་སྐྱེལ་དགོས་པ་ཡིན་ནམ།ཁོང་ཚོའི་ཕྲུ་གུ་ལ་ཤེས་ཡོན་ཇི་ལྟར་སྤྲོད་རྒྱུ་ཡིན་ནམ།སྤྱི་འཐུས་དེ་ཉིད་ཀྱིས་ཕྱུགས་པོ་ཆགས་རྒྱུར་བསམ་བློ་རྩ་ནས་གཏོང་གིན་མེད་དབང་དུ་བཏང་ཡང༌།བཟའ་བཏུང་དང༌།གྱོན་ཆས།སྡོད་ཤགའགྲིམས་འགྲུལ་གྱི་འགྲོ་གྲོན་ཙག་ཙིགསྨན་བཅོས་ཀྱི་གྲོན་དངུལ་བཅས་མི་གཅིག་གི་ཉིན་རེའི་འཚོ་བའི་ནང་མེད་ཐབས་མེད་པའི་གཞི་རྩའི་ཆ་རྐྱེན་དེ་རིགས་དང་ཁ་འབྲལ་ཐབས་ག་ལ་ཡོད།ཅེས་གསུངས་པ་ལྟར།
རང་རིགས་གཞུང་དང་མི་དམངས་ཀྱི་ལས་དོན་གཉེར་བ་དང༌།དེ་བས་གལ་འགངས་ཆེ་བ་ནི་བོད་ཀྱི་བདེན་མཐའ་གསལ་ཕྱིར་རང་གི་ཡོངས་རྫོགས་ལེགས་སྐྱེས་འབུལ་མཁན་སྤྱི་འཐུས་སུ་ཡིན་ཡང་རང་གཞུང་ངོས་ནས་མཐུན་འགྱུར་གྱི་ཆ་རྐྱེན་གང་ལེགས་བསྐྲུན་དགོས་པ་ལས།ལྷག་བསམ་དང་སེམས་ཤུགས་ཡོད་རེད་ཟེར་ནས་ཁོང་ཚོར་རོགས་ཕན་དགོས་པའི་ཕྱོགས་ལ་ལྷོད་གཡེང་གཏོང་ན་ག་ལ་འགྲིགད་ཐེངས་ཀྱི་གནད་དོན་ཐག་ཆོད་ན།གང་ཟག་སྒེར་གྱི་གནས་དོན་ཕུད།སྤྱི་འཐུས་གཞན་གྱི་གནས་སྟངས་ཐད་ལའང་ཐག་གཅོད་ཀྱི་ལམ་གསར་པ་ཞིག་བྱུང་བ་ནི་ངའི་རེ་བ་ངོ་མ་དེ་རེད།
རང་རིགས་ཀྱི་སྤྱི་མི་ཚོས་བགྲོ་གླེང་ལ་ཡིད་རངས་དགོས་པའི་ཆ་མང་ནའང༌།གནད་དོན་གཞན་ཞིག་སྟེ་ང་ཚོའི་ཁོར་ཡུག་ཏུ་ཕྱོགས་རིས་ཀྱི་ངན་སྤྱོད་ད་དུང་གཙང་སེལ་ཐུབ་མེད་པ་མ་ཟད།ཆོས་ལ་མི་རྟོན་གང་ཟག་ལ་རྟོན་བཞིན་པའི་གནས་སྟངས་སྐྱོ་པོ་འདི་དང༌།འདས་ཟིན་གྱི་ལོ་རྒྱུས་སུའང་ནང་འགལ་གྱི་མེ་ཕུང་དྲག་ཏུ་ཕྱུར་མྱོང་བའི་སྐྱོ་གནས་འདི་མཚན་མོ་ཆུ་ཚོད་གསུམ་ཙམ་ནས་བཟུང་ང་རང་གཉིད་མི་ཁུག་པའི་རྒྱུ་མཚན་གཙོ་བོ་ཡིན་ལ།བོད་མི་མགོ་ནག་སུ་འདྲ་ཞིག་ཡིན་ཡང་གནད་ལ་ཐུག་དུས་དྲང་ཚུགས་ལྡན་དགོས་པ་ནི་ནམ་ཡང་སྣང་མེད་སྐྱུར་ཐབས་མེད་པའི་གནད་དོན་ཞིག་རེད་གདའ།