རྒྱལ་ཁབ་མེད། སྐྱབས་བཅོལ་བ་ཡིན།
འདྲི་ས་ཡོད་པ་ཁྱེད་ཅག་གིས་མཁྱེན་གསལ་རེད། ལོ་ཟླ་དེ་དག་ལ་རྒན་རབས་པ་དག་གིས་གདོང་ལེན་གནང་དེ། ད་ལྟའི་ཁྱེད་ཅག་གི་རྐུབ་སྟེགས་དང་གོ་གནས་དེ་དག་རིམ་གྱིས་མངོན་གྱུར་བྱུང་བ་རེད།
ཁོང་ཚོས་རང་གི་ལྟོ་གྲང་མིན་དང་རྒྱབ་གྲང་མིན་ལ་མ་བལྟས་པར་བོད་ཟེར་བ་འདི་གཅིག་ལས་གཉིས་མེད་པའི་ལམ་སྣེར་དྲངས་པ་དེ་ཡང་། ཁ་སང་དེ་རིང་གི་སྤྱི་འཐུས་ཁྱེད་ཚོ་བཞིན། རྒྱལ་ཁབ་མེད་པར་བསམ་བློ་གཏོང་མི་ཐུབ་མཁན། སྐྱབས་བཅོལ་བའི་གཞུང་ཞིག་ལ་འགན་མི་འཁུར་བའི་མི་སྣ་བྱེད་གཅིག་ལ་དབང་བའི་ལས་ཁུངས་ཞིག་དུ་ཆགས་པར་རེ་བ་བརྒྱབ་མྱོང་མེད་ལ། རྨི་ལམ་ལ་ཡང་རྨིས་མེད་ཚོད་ཡིན།
ཁོང་ཚོས་རང་གི་རྒྱལ་ཁབ་སླར་གསོ་དང་། སྐྱབས་བཅོལ་བའི་ལས་དབང་འོག་ནས་ཐར་རྒྱུར་རེ་བ་བྱོས་ཡོད་ལ། རང་གི་རྒྱབ་ཁབ་སྐྱོང་མཁན་གྱི་རིགས་ཞེན་ཅན་ཤ་སྟག་ལས། ལུང་ཁུག་རེ་ཟུང་གི་ཕྱོགས་རིས་པ་བསྐོར་ཞིག་གིས་བོད་མི་མང་གི་ངོ་ཚབ་མཚོན་པའི་གཞུང་འདི། ཁྱེད་ཅག་ལྟ་བའི་ཁེངས་རློམ་དང་རིགས་ཞེན་ལ་བརྩེ་དུངས་ཟབ་མོ་མེད་མཁན་མི་ཉུང་བ་ཞིག་་གིས་སྐུ་རྩེད་བྱེད་ས་དང་ཉི་མ་འཕུད་ས་ཞིག་ཆགས་པར་ནམ་ཡང་དྲན་མྱོང་མེད་ངེས་ཡིན།
མཐའ་དོན་ནི། སྤྱི་འཐུས་ཀྱི་རྐུབ་སྟེགས་སྟེང་བཞུགས་མཁན་དང་། སྤྱི་འཐུས་ལས་ཐོག་པ། འབྱུང་འགྱུར་གྱི་སྤྱི་འཐུས་པ་སུ་ཞིག་ཡིན་ཡང་། བདག་གིས་ལག་པ་ཐལ་མོ་སྤྱར་ནས་ཞུ་བ་ཞིག་བྱེད། བཙན་བྱོལ་བོད་གཞུང་གི་རྐུབ་སྟེགས་ཡོད་ཚད་མི་རིགས་ཤིག་གི་དར་རྒུད་དང་འཇིགས་ཉེན་དང་འབྲེལ་བ་ཡོད་དུས། རྐུབ་སྟེགས་དེར་བཞུགས་མཁན་སུ་བྱུང་ན། བོད་ཟེར་བའི་མིང་གི་སྤྱི་དོན་ལས་རང་སྒེར་གྱི་ཁེ་ཕན་ཕྲན་པུ་བེད་སྤྱོད་བྱེད་ས་མིན་པ་ཐུགས་སུ་འཇགས་པར་འཚལ་ལོ།
སྤྱི་འཐུས་ཀྱི་ཚོགས་འདུའི་བསྐོར་གྱི་གནས་ཚུལ་དེ་ལ་འདང་རྒྱག་གིན་རྒྱག་གིན་སེམས་ན་བ་ཞིག་འདུག་སྟབས། ལས་ཀའི་བར་གསེང་དུ་ཐབ་ཚང་ནང་དུ་ཤར་མར་བྲིས་དེ་ཕུལ། ༢༢།༠༩།༠༩