བྱང་ཀོ་རི་ཡའི་བདེ་སྲུང་བློན་ཆེན་སྲོག་ཐོག་བཏང་།
བྱང་ཀོ་རི་ཡའི་བདེ་སྲུང་བློན་ཆེན་ལ་རྒྱལ་ཁབ་ལ་རྒྱབ་གཏོད་བྱས་པའི་ཉེས་འཛུགས་འོག མང་ཚོགས་ཁྲོད་མེ་མདའ་རྒྱབ་སྟེ་དམར་གསོད་བཏང་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༡༣ ཉིན་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། བྱང་ཀོ་རི་ཡའི་བདེ་སྲུང་བློན་ཆེན་ཧི་ཡོན་ཡང་ཆོལ་(Hyon Yong Chol) ཕྱི་ཟླ་༤ ཚེས་༣༠ ཉིན། རྒྱལ་སའི་དམག་གི་སློབ་གྲྭ་ཞིག་ཏུ་མི་མང་བརྒྱ་ཕྲག་མང་པོ་འཛོམས་སར། གནམ་གྲུ་གཏོར་བྱེད་ཀྱི་མེ་མདའ་བེད་སྤྱོད་བྱས་ཏེ་བསད་ཡོད་སྐོར། ལྷོ་ཀོ་རི་ཡའི་གསང་མྱུལ་བ་ཞིག་གིས་གྲོས་ཚོགས་ནང་བརྗོད་འདུག
ལྷོ་ཁོ་རི་ཡའི་རྒྱལ་ཡོངས་གསང་བའི་ལྷན་ཚོགས་ཀྱི་ཚོགས་གཙོས། སྐུ་ཞབས་ཧི་ཡོན་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཁེམ་ཇེམ་ཨན་ལ་དགའ་མོས་མེད་པའི་རྣམ་འགྱུར་བསྟན་པ་དང་། དེ་བཞིན་ཐེངས་ཁ་ཤས་ལ་བཀའ་ཁྱབ་མ་འགྲུབ་པའི་རྐྱེན་གྱིས་སྲོག་ཐོག་བཏང་ཡོད་སྐོར་བརྗོད་འདུག
ལྷོ་ཁོ་རི་ཡའི་གསང་བའི་ལས་ཁུངས་ནས། སྐུ་ཞབས་ཧི་ཡོན་ལ་ཁྲིམས་ཞིབ་མ་བྱས་པར་ཉིན་གསུམ་རིང་འཛིན་བཟུང་བཀག་ཉར་བྱས་པའི་རྗེས། སྲོག་ཐོག་བཏང་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།
དེ་བཞིན་ལྷོ་ཀོ་རི་ཡའི་བརྒྱུད་ལམ་ཞིག་གི་ཐོག་ཧི་ཡོན་གྱིས་དམག་དོན་ཚོགས་འདུའི་སྐབས་གཉིད་ཅོལ་བརྒྱབ་པ་དང། འགོ་ཁྲིད་ཀེམ་ཇེམ་ཨན་གྱི་བཀའ་ཁྱབ་ལེགས་པར་བསྒྲུབ་མ་ཐུབ་པའི་རྐྱེན་གྱིས་ཡིན་སྐོར་བཀོད་ཡོད་ནའང་། དམིགས་བསལ་བཀའ་ཁྱབ་དང་ལས་དོན་གང་ཞིག་གི་ཐོག་འཐུས་ཤོར་ཕྱིན་ཡོད་པའི་འགྲེལ་བརྗོད་ཁ་གསལ་མེད་པ་རེད།
ལྷོ་ཀོ་རི་ཡའི་གཞུང་ཕྱོགས་ནས་བྱང་ཀོ་རི་ཡའི་སྲོག་ཐོག་བཏང་པའི་བྱ་སྤྱོད་དེ་དག་ཆབ་སྲིད་ཀྱི་འཇིགས་སྐུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅིང། ཀེམ་ཇེམ་ཨན་གྱི་བྱང་ཀོ་རི་ཡའི་ནང་འཇིགས་སྣང་ཅན་གྱི་ཁོར་ཡུག་ཅིག་སྐྲུན་བཞིན་ཡོད་སྐོར་བརྗོད་འདུག
སྐུ་ཞབས་ཧི་ཡོན་ཕྱི་ལོ་༢༠༡༠ ནས་བཟུང་དམག་དཔོན་དུ་བསྐོ་གཞག་བྱས་ཡོད་པ་དང། ཀིམ་ཇེམ་ཨན་གྱི་པ་ལགས་དུས་ནས་ད་བར་ཞབས་ཕྱི་ཞུས་ཡོད་འདུག
ཕྱི་ལོ་༢༠༡༡ ལོར་ཀེམ་ཇེམ་ཨན་གོ་གནས་སུ་འཁོད་པ་ནས་བཟུང། གཞུང་གི་ལས་བྱེད་མང་པོ་གཙང་སེལ་བྱས་ཡོད་ཅིང། ཕྱི་ལོ་༢༠༡༣ ལོར་རྒྱལ་ཁབ་ཀྱི་འགོ་ཁྲིད་མཐོ་ཤོས་ཨང་གཉིས་པ་ཁོང་གི་ཨ་ཁུ་ཇང་སུང་ཐཱེག་(Jang Song Thaek) ལ་རྒྱལ་འཚོང་གི་ཉེས་མིང་འོག་སྲོག་ཐོག་བཏང་ཡོད་པ་རེད།
དེ་བཞིན་ལོ་འདིའི་ནང་ཀེམ་ཇེམ་ཨན་གྱིས་མཐོ་རིམ་ལས་བྱེད་༡༥ ལ་གཞུང་ལ་ཁ་གཏད་གཅོག་པའི་ཉེས་འཛུགས་འོག་སྲོག་ཐོག་བཏང་ཡོད་འདུག།།
གསར་འགོད་པ་བསྟན་འཛིན་ཟླ་བ།