བློ་གླིང་སློབ་གྲྭ་དབུས་བརྙེས་པའི་དུས་དྲན།
ཟླ་འདིའི་ཚེས་ ༣ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་རུ་རྟེན་གཞི་བྱས་པའི་བློ་གསལ་གླིང་སློབ་གྲྭའི་ཚོགས་ཁང་ནང་། བློ་གླིང་སློབ་གྲྭ་དབུ་བརྙེས་ནས་ལོ་༢༠ འཁོར་བའི་དུས་དྲན་དང་། ༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བའི་ཐོག་སློབ་མའི་བར་བགྲོ་གླེང་ཞིག་འཚོགས་ཡོད་པ་རེད།
བགྲོ་གླེང་མཛད་སྒོའི་ཐོག་བོད་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་གྲུབ་མཚམས་སྐུ་མགྲོན་གྱི་གཙོ་བོ་བློ་གླིང་མཁན་རིན་པོ་ཆེས་རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། བློ་གླིང་སློབ་གྲྭའི་འཛིན་རིམ་བཅུ་པས་བཏོན་པའི་ (གངས་སུལ་གྱི་རོལ་དབྱངས་དམིགས་བསལ་འདོན་ཐེངས་གཉིས་པ། ༸གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སློབ་མའི་ཆེད་བསྟོད་ཕྱོགས་བཏུས་) ཞེས་པའི་དཔེ་དེབ་དབུ་འབྱེད་གནང་སོང་།
མཁན་རིན་པོ་ཆེས་༸རྒྱལ་དབང་ཐམས་ཅན་མཁྱེན་པ་མཆོག་འཛམ་གླིང་སྤྱི་དང་ལྷག་པར་བོད་མི་རིགས་ལ་བཀའ་དྲིན་ཆེན་པོ་ཡིན་པ་དང་། ལྷག་པར་དུ་བོད་མི་ཚོས་དུས་རྒྱུན་དུ་རྒྱལ་བའི་བཀའ་དྲིན་དྲན་པའི་ཐོག་ནས་བཀའ་དགོངས་ཚུལ་བཞིན་བསྒྲུབ་དགོས་ཚུལ་སོགས་ཀྱི་གསུང་བཤད་གནང་།
དེ་ནས་སློབ་གྲྭའི་སློབ་སྤྱི་དགེ་བཤེས་ཚེ་རིང་ཕུན་ཚོགས་ཀྱིས་སློབ་གྲྭའི་བྱུང་རིམ་དང་འབྲེལ་སློབ་ཐོན་པ་ཚོས་བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་། སློབ་གྲྭ་ཁག་སོགས་སུ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་ཞབས་ཞུ་སྒྲུབ་བཞིན་ཡོད་ཚུལ་དང་། གཞན་ཡང་རྩོམ་པ་པོ་དང་། སྐད་སྒྱུར་བ། ཡིག་སྒྱུར་སོགས་ཀྱི་ཕྱག་ལས་གནང་གི་ཡོད་པའི་སྐོར་ངོ་སྤྲོད་གནང་སོང་།
དེ་ནས་འཛིན་གྲྭ་དགུ་པ་དང་བདུན་པའི་སློབ་མ་གཉིས་ནས་རྒྱལ་དབང་མཆོག་གིས་ད་ལྟའི་བར་གྱི་མཛད་པའི་སྐོར་བོད་སྐད་ཐོག་གཏམ་བཤད་དང་། འཛིན་གྲྭ་བརྒྱད་པ་དང་དྲུག་པའི་སློབ་མ་གཉིས་ནས་དབྱིན་ཡིག་ཐོག་རྒྱལ་བའི་མཛད་རྣམ་སྐོར་གཏམ་བཤད་གྲུབ་རྗེས། ཚོགས་ཞུགས་པ་སློབ་མའི་དྲི་བར་ལན་འདེབས་བྱས། དེ་ནས་གོ་སྐབས་དང་པོ་གཉིས་ཀྱི་སློབ་མ་གཉིས་ནས་བོད་སྐད་ཐོག་རྒྱལ་བའི་བསྟོད་ཚིག་སྒྲོགས་སྦྱང་སམ་གྱེར་འདོན་དང་། གོ་སྐབས་གསུམ་པ་དང་འཛིན་རིམ་ལྔ་པའི་སློབ་གཉིས་ནས་དབྱིན་སྐད་ཐོག་རྒྱལ་བའི་བསྟོད་ཚིག་སྒྲོགས་སྦྱང་བྱས་ནས་མཛད་སྒོ་གྲོལ་ཡོད་པ་རེད།།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།
