རྒྱ་དཀར་ནག་གཉིས་ཀྱི་སྲིད་བློན་མཇལ་འཕྲད་གནང་འཆར།

རྒྱ་དཀར་ནག་གཉིས་ཀྱི་རྩོད་རྙོག་འདིའི་དཀའ་ངལ་རྣམས་སེལ་ཆེད་དུ། རྒྱ་གར་གཞུང་ཕྱོགས་ནས་རྒྱ་གར་དང་རྒྱ་ནག ཨུ་རུ་སུ་བཅས་ཀྱི་ཕྱི་སྲིད་བློན་ཆེན་རྣམས་ཀྱིས་ཚོགས་འདུ་ཞིག་གོ་སྒྲིག་བྱས་ཡོད་པ་དང། དེ་བཞིན་བདུན་རྗེས་མར་ཐེའ་ལན་ཌི་ནང་ཨེ་ཤ་ཡའི་ལྷན་ཚོགས་སྐབས། རྒྱ་དཀར་ནག་གཉིས་ཀྱི་རྩོད་རྙོག་འདིའི་ཆེད་དུ་ཕྱོགས་གཉིས་ཀྱི་སྲིད་བློན་ཟུར་དུ་མཇལ་འཕྲད་གནང་འཆར་ཡོད་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༢༠ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་བྷེང་ལོར་ནང་ཟླ་འདིའི་ཚེས་༢༧ ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཀིར་ཤི་ན་དང༌། རྒྱ་ནག་གི་ཕྱི་སྲིད་བློན་ཆེན། ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་བཅས་འདུ་འཛོམས་བྱེད་རྒྱུ་ཡིན་པ་དང༌། གནད་དོན་གཙོ་བོ་རྒྱ་དཀར་ནག་གཉིས་དབར་འགྲོ་བཞིན་པའི་ཨ་རུ་ན་ཅལ་མངའ་སྡེའི་རྩོད་རྙོག་དང། དེ་དང་འབྲེལ་ནས་གནད་དོན་མང་པོ་ཞིག་གི་སྐོར་གྲོས་མོལ་བྱེད་གཏན་ཁེལ་ཡོད་འདུག ཕྱོགས་གཉིས་ཀྱི་དཔོན་རིགས་རྣམས་ལྷན་འཛོམས་སྐབས་གྲོས་མོལ་བྱེད་རྒྱུ་གཙོ་བོ་ནི། དེང་སྐབས་རྒྱ་དཀར་ནག་གཉིས་དབར་འགྲོ་བཞིན་པའི་འགལ་ཟླ་ཆེན་པོ་གསུམ་གྱི་སྐོར་ཏེ། དང་པོ། ཟླ་འདིའི་ཚེས་༣ ཉིན་རྒྱ་གར་གྱི་སྲིད་བློན་ཨ་རུ་ན་ཅལ་མངའ་སྡེའི་ནང་གྲོས་ཚོགས་ཀྱི་འོས་བསྡུའི་ཆེད་དུ་ཕེབས་པ་དེ། རྒྱ་ནག་གི་གནས་བབས་དང་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་རྩ་བ་ནས་བསྟུན་མེད་པའི་གནད་དོན་དང༌། གཉིས་པ། རྒྱ་ནག་གཞུང་གིས་པཱ་ཀི་སི་ཐན་དང་ཟླ་བསྒྲིལ་ནས་ཀ་ཤི་སྨྲི་དབང་སྒྱུར་བྱེད་ཐབས་བྱེད་བཞིན་པ་དེ། རྒྱ་གར་གྱི་ཆབ་སྲིད་ལངས་ཕྱོགས་ལ་བསྟུན་གྱི་མེད་པའི་གནད་དོན། གསུམ་པ། ྋགོང་ས་མཆོག་ཨ་རུ་ན་ཅལ་མངའ་སྡེའི་ཆ་ཤས་མོན་རྟ་དབང་དུ་ཆིབས་བསྒྱུར་གནང་གཏན་ཁེལ་ཡོད་པ་དང༌། རྒྱ་གར་གཞུང་གིས་ྋགོང་ས་མཆོག་ཡུལ་དེར་ཕེབས་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་བཞིན་ཡོད་པར། རྒྱ་ནག་གཞུང་ཕྱོགས་ནས་ངོ་རྒོལ་བྱེད་ཀྱི་ཡོད་པའི་གནད་དོན་བཅས་ཀྱི་ཐད་ཡིན་པའི་གནས་ཚུལ་ཐོན་ཡོད་པ་རེད།།