སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་དགོངས་རྫོགས།
ཟླ་འདིའི་ཚེས་༣༠ ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ཞབས་ཕྱི་ཚོགས་པའི་གོ་སྒྲིག་འོག ཁོང་རྒྱ་གཞུང་གིས་བཙོན་ཁང་དུ་སྐུ་བཀྲོངས་ནས་ཞག་ཞེ་དགུ་འཁོར་བའི་དགོངས་རྫོགས་མཆོད་འབུལ་སྨོན་ལམ་ཞིག་རིས་མེད་ཀྱི་ཆོས་སྡེ་ཁག་གི་ནང་ཉིན་བརྒྱ་དུས་གཅིག་ཏུ་འཚོགས་གནང་ཡོད་པ་རེད།
བསྟན་འཛིན་བདེ་ལེགས་ཞབས་ཕྱི་ཚོགས་པས། “དམ་པ་ཁོང་ནི་བོད་བསྟན་སྲིད་ལ་བློ་སེམས་ཤིན་ཏུ་དཀར་བའི་རྐྱེན་བྱས་ནས་རྒྱ་ནག་གཞུང་གིས་ཉེས་མེད་ཉེས་འདོགས་ཀྱིས་ཐོག་མ་བཙོན་དུ་ཁྲིད་པ་ནས། མཐར་འུ་ཐུག་ཐབས་ཟད་ཀྱིས་དངོས་སུ་སྐུ་བཀྲོངས་པའི་ཡ་མཚན་ཆེ་བའི་ཡིད་སྐྱོའི་གནས་ཚུལ་འདི་ཐོན་པ་ནས་འཛམ་གླིང་ས་ཕྱོགས་གང་སར་ཁོང་གི་སློབ་མ་དང་། དེ་བཞིན་འབྲེལ་ཡོད་བོད་རིགས་སྤུན་ཟླ་རྣམ་པ། གཞན་ཡང་བོད་དོན་རྒྱབ་སྐྱོར་བ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་མི་སྒེར་ཅི་རིགས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་དགོངས་རྫོགས་མཆོད་འབུལ་དང་། རྩོམ་ཡིག་སྤེལ་བ་དང་། ཞུ་བཏུག་ལས་འགུལ། གསར་འགོད་གསལ་བསྒྲགས་བྱེད་པ་སོགས་བྱེད་ཀྱི་ཡོད་པར། རིན་པོ་ཆེའི་གཞིས་བྱེས་གཉིས་ཀྱི་སློབ་མ་དང་འབྲེལ་ཡོད་ཚང་མའི་ཚབ་ཞུས་ཏེ་ཐོག་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་”ཞེས་གསུངས་སོང་།
དེ་བཞིན་སྤྲུལ་སྐུའི་ཞབས་ཕྱི་ཚོགས་པའི་ངོས་ནས། “རྩ་བས་རིན་པོ་ཆེ་སྐུ་འདས་གྲོང་སོང་བ་ནས་བཟུང་རྒྱ་གར་ལྷོ་ཕྱོགས་སུ་ཉིན་ལྟར་དགོངས་རྫོགས་མཆོད་འབུལ་དང་པོད་ལྔའི་རྩ་བ་སོགས་གཞུང་ཆེན་ཁག་རྒྱུན་མ་ཆད་པར་འདོན་བཞིན་ཡོད་སྐོར་དང་། དམིགས་བསལ་བདུན་ཚིག་མཐའ་མའི་ཉིན་ཏེ་ཟླ་འདིའི་ཚེས་༣༠ ཉིན་ དགའ་ལྡན་དང་། འབྲས་སྤུངས། སེར་ར། རྣམ་གྲོལ་གླིང་། ས་སྐྱ་བརྩེ་ཆེན་བཤད་སྒྲུབ་ཆོས་འཁོར་གླིང་། བཀའ་རྒྱུད་དཔལ་སྤུངས་ཤེས་རབ་གླིང་། ཇོ་ནང་ཕུན་ཚོགས་རྟག་བརྟན་གླིང་། བོན་དགོན་སྨན་རི་གླིང་བཅས་ཀྱི་དགེ་འདུན་པ་ཞལ་གྲངས་ཆིག་ཁྲི་བཞི་སྟོང་ལྔ་བརྒྱ་ལྷག་ཅིག་ལ་བསྙེན་བཀུར་མང་ཇ་བཞེས་བག་སོགས་དང་། དགེ་འདུན་རེ་སྐུ་ཡོན་སྒོར་༡༥༠ འཚོ་བའི་ཐེབས་རྩ་སྒོར་༣༠༠༠ རེ་བཅས་ཕུལ་ཏེ། གཙོ་བོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཐུབ་བསྟན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་གིས་གཙོས་འདས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཟབ་མོ་རྣམས་ལྷུན་གྱི་འགྲུབ་པ་དང་། གཞིས་བྱེས་མཉམ་འཛོམས་ཀྱིས་བདེ་སྐྱིད་ཉི་མ་མྱུར་བར་འཆར་ཞིང་། ༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་མཛད་འཕྲིན་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་པ་བཅས་ཀྱི་ཆེད་འདུས་ཚོགས་དེ་དག་ཏུ་ཞལ་འདོན། རྒྱལ་བའི་ཞབས་བརྟན་དང་། ཚད་མེད་ཡོན་ཏན། ༧གོང་ས་མཆོག་གིས་ལྗགས་རྩོམ་གནང་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཡང་སྲིད་མྱུར་བྱོན་གསོལ་འདེབས། དེ་བཞིན་ཆོས་རྒྱུད་སོ་སོའི་ཐུན་མོང་མ་ཡིན་པའི་བླ་མཆོད་དང་འབྲེལ་བའི་སྨོན་ལམ་ཁག་བཅས་འདོན་སྐུལ་ཞུས་པ་དེ་ལྟར་ཡིན། ད་དུང་ཉིན་འདིར་ཨ་རི་དང་ཡོ་རབ་ཁག་ཏུའང་གཞུང་འབྲེལ་མ་ཡིན་པའི་ཚོགས་གང་མང་ཞིག་གི་གོ་སྒྲིགས་འོག་མཆོད་འབུལ་སོགས་ལས་འགུལ་ཅི་རིགས་སྤེལ་འཆར་ཡོད་པ་བཅས་སུ་འདི་གར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཐུབ་བསྟན་ཆོས་ཀྱི་ཉི་མ་རིན་པོ་ཆེའི་ཞབས་ཞུ་ཚོགས་པ་ནས་ཀུན་ལ་སྙིང་ཐག་པ་ནས་ཐུགས་རྗེ་དང་བཀའ་དྲིན་བླ་མེད་དུ་ཆེ་ཞུ་བཞིན་ཡོད་”ཅེས་འགྲེལ་བརྗོད་གནང་སོང་།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།