སྒེར་འཁོན་ཆོ་མེད་ཅིག་སྤྱི་བའི་བར་ཆད་དུ་བསྒྱུར་མི་རུང་།

ལྷ་སྡེ་གནམ་ལོ་ཡག

ཁ་སང་དེ་རིང་བཙན་བྱོལ་བོད་མིའི་རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་ཚ་ཚ་འུར་འུར་གྱིས་གླེང་བཞིན་པ་ནི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་རང་ཉིད་ཕྱི་ལོ༢༠༡༦ལོའི་སྲིད་སྐྱོང་འོས་མིར་ལངས་པའི་ཕྱོགས་བསྐྱོད་གཏམ་བཤད་སྐབས།སེ་ར་ཐེག་ཆེན་གླིང་གི་དགེ་འདུན་པ་ཡོངས་ཀྱི་མདུན་དུ༼༸གོང་ས་མཆོག་ལ་ཁ་གཏོང་མཁན་ཞིག་དང་མཉམ་དུ་རྐུབ་སྟེགས་གཅིག་ཏུ་སྡོད་ནས་བགྲོ་གླེང་ཞིག་ནམ་ཡང་མི་བྱེད༽དང༼རྒྱུད་སྨད་གྲྭ་ཚང་ན་༸གོང་ས་མཆོག་ལ་ཁ་གཏོང་མཁན་རེ་འགའ་གཏམ་བཤད་དྲིལ་བསྒྲགས་ཡོང་མི་ཆོག་པ་བཟོས་འདུགཧ་ཅང་ཡག་པོ་རེད་ཅེས་བསྟོད་བསྔགས་དང་།ཉེ་སྔོན་རླུང་འཕྲིན་ཁང་ཞིག་གིས་ཁ་གཏོང་མཁན་དེ་གྲས་དང་མཉམ་དུ་བགྲོ་གླེང་གོ་སྒྲིག་བྱེད་རྒྱུ་གསུངས་ནའང་ཁས་བླངས་མེད།ང་དེ་གྲས་དང་མཉམ་དུ་གཏན་ནས་སྡོད་ཐུབ་ས་མ་རེད༽ཅེས་བསྐྱར་ནན་གནང་སོང་ཞེས༼སྲོང་བཙན་དྲ་བ༽བརྒྱུད་ནས་ཐོན་པའི་གནས་ཚུལ་འདི་རེད།

དོན་ལ་ཨ་ཚོགས་ཀླུ་མཁར་བྱམས་ལགས་ལ་སྐྱོན་འཛུགས་འདི་དག་གསར་བ་གང་ཡང་མ་ཡིན་པར་ལོ་ལྔའི་ཡར་སྔོན་སྤྱི་འཐུས་འདེམས་སྐབས།སྐུ་ངོ་སྤེན་པ་ཚེ་རིང་དང་ཀླུ་མཁར་བྱམས་བར་བྱུང་བའི་ཨ་མདོའི་སྤྱི་འཐུས་འགྲན་རྩོད་དང་འབྲེལ་བའི་དོན་དག་ཅིག་རེད།སྐབས་དེར་དོན་དག་འདི་གནད་ཡོད་མི་སྣ་ཡིན་ཟེར་མཁན་ཚོས་སིམ་ལ་ཁྲིམས་ཁང་དུ་བསྐྱལ་ཡང་ཁྲིམས་རྩོད་པས་གཞི་འཛིན་ས་མི་འདུག་ཅེས་གྱོད་གཞིར་གྲུབ་མེད་པའི་དགའ་མ་དགའ་སྡུག་གམ།སྒེར་འཁོན་གྱི་ངོ་བོར་འཕེལ་བ་ཞིག་ཡིན།དེ་བས།སྐྱོན་འཛུགས་དངོས་ལ་ཁྲིམས་རྩོད་པའི་བསྡོམས་ཚིག་བཀོད་ཟིན་པས།ཁྲིམས་ནི་མཐའ་མའི་འབབ་ས་ཡིན་པས་བསྐྱར་གླེང་བྱེད་ཀྱི་མིན།

རྩོད་རྙོག་འདི་བསྐྱར་དུ་གླེང་བའི་ཤུགས་རྐྱེན་ལ་ཞིབ་ཏུ་བསམ་བློ་གཏོང་བའམ།རྒྱལ་བ་རིན་པོ་ཆེ་མཆོག་གིས་བཙན་བྱོལ་ནང་དམངས་གཙོ་གསོལ་རས་བསྩལ་ནས་གོམ་པ་རིམ་བགྲོད་ཀྱིས་ཕྱག་བསྟར་གནང་བའི་བརྒྱུད་རིམ་ལ་ལྟ་སྐབས།ཉུང་མཐར་གཤམ་གྱི་གནད་དོན་ཁག་ལ་དབྱེ་ཞིབ་མི་བྱེད་རང་བྱེད་ཆགས་ཡོད།

༡ དམངས་གཙོའི་འགོག་རྐྱེན་ནི་དབང་ཆ་གཅིག་སྡུད་ཀྱི་བསམ་བློ་ཡིན།

བཙན་བྱོལ་སྤྱི་ཚོགས་ནང་དུ་དམངས་གཙོ་ལག་བསྟར་གནང་ནས་དུས་རབས་ཕྱེད་ཙམ་འགྲོ་བཞིན་ཡོད། གོ་རིམ་འདིའང་བཀའ་ཁྲི་ཐད་བསྐོས་ནས་ཕྱེད་ཐད་བསྐོས། མང་ཚོགས་ཀྱིས་འོས་འདེམས་གསུམ་རེ་རེ་བཞིན་ཡོང་ཡོད་པས། དམངས་གཙོར་གོ་རྟོགས་གང་འཚམས་སླེབས་འོས་པ་དང་དབང་ཤུགས་ཆ་བགོས་ལ་གོམས་དགོས་པར་མ་ཟད། དམངས་གཙོའི་འགྲོ་སྟངས་ལ་སྲུང་བརྩི་ཐུབ་དགོས་ཀྱི་ཡོད།

དེ་ལས་ལྡོག་ནས་མི་མང་གིས་འོས་འདེམས་དང་ལོ་མང་སྤྱི་འཐུས་ཞབས་སྟེགས་སྒང་བཞུགས་ཀྱིན་པའི་སྤྱི་འཐུས་ཚོགས་གཙོའི་ངོས་ནས་དགའ་མ་དགའ་སྡུག་གི་དོན་དག་ཅིག་ལ་ཁ་གཡར་ནས་དམངས་གཙོའི་འགྲོ་སྟངས་ལ་སྲུང་བརྩི་མ་གནང་བ་ནི་རྒྱལ་བ་རིན་པོ་ཆེ་ཡི་དགོངས་གཞིའི་ལྡོག་ཕྱོགས་སུ་ལངས་པ་ཙམ་མ་ཟད། དབང་ཆ་གཅིག་སྡུད་ཁོ་ནར་རྨི་ལམ་གཏོང་བཞིན་པ་དང་དབང་ཤུགས་ཆ་བགོས་དགྲ་རུ་ལྟ་བཞིན་པ་དང་གཅིག་པ་ཆགས་ཡོད།

ཚོགས་གཙོའི་གནང་སྟངས་འདི་བཞིན་དམངས་གཙོའི་འཕེལ་རིམ་ཁྲོད་ཀྱི་དོན་དག་ཡ་མཚན་ཞིག་ཏུ་གྱུར་ཡོད་པ་དང་། གཅིག་བྱས་ན་འོས་ཞུགས་འགྲན་རྩོད་པའི་ལྷན་དུ་བགྲོ་གླེང་མི་བྱེད་པ་འདི་ནི་འཛམ་གླིང་གི་ཡ་མཚན་ཟིན་བྲིས་ནང་(The Guinness Book of records)ཐོ་འགོད་ཆོག་པའི་གྲས་སུ་གཏོགས་སྲིད།

༢ དབུ་མའི་ལམ་ནས་མ་གཏོགས་སྲིད་སྐྱོང་སླེབས་མི་ཆོག་པ་ཡིན་ནམ།

བོད་ཀྱི་རྒྱལ་ཁབ་སླར་གསོའམ་བོད་རང་བཙན་གླེང་མི་ཆོག་ལབ་མཁན་ནི་རྒྱ་ནག་གཞུང་གཅིག་པུ་མ་གཏོགས་དེང་གི་བར་ཡོངས་གྲགས་སུ་གཞན་སུ་གང་ཡང་བྱུང་མྱོང་མེད། སྟབས་མ་ལེགས་པར་ཉེ་བའི་ལོ་ཤས་རིང་། སྤྱི་འཐུས་ཚོགས་གཙོའི་སྣེ་ཁྲིད་པའི་མི་རེ་ཟུང་གིས་ལམ་དབུ་མ་ཁ་ལ་ཁྱེར་ནས་ལས་ཀ་མི་ལེགས་པ་མང་པོ་བསྒྲུབས་ཡོད།

དཔེར་ན། མདོ་སྨད་དབུས་རྒྱུན་ནང་དུ་རང་བཙན་ལྟ་བ་ཁུར་མཁན་ཡོད་མི་ཆོག་པ་བཟོས་ཡོད། སྤྱི་འཐུས་ནང་དུའང་རང་བཙན་ལྟ་བ་འཁུར་མཁན་སླེབས་པར་འགོག་རྐྱེན་རབ་དང་རིམ་པས་བཟོས་ཡོད། ཐ་ན་ཉེས་པ་ཡོད་པའི་མི་བདུན་ཤོག་ཁག་ཅིག་བཟོ་རྩིས་ཀྱང་གནང་ཡོད། དེང་གི་ཆར་སྲིད་སྐྱོང་འོས་མི་ལའང་ཚད་གཞི་དེ་འཛིན་རྒྱུའི་གྲབ་ཤོམ་གནང་བཞིན་ཡོད།འདི་ནི་དམངས་གཙོའི་ལམ་སྲོལ་ལྡོག་ཕྱོགས་སུ་འཁྲིད་ཀྱིན་པ་ཞིག་དང་། རྒྱ་ནག་གཞུང་གིས་རྒྱལ་བ་རིན་པོ་ཆེ་ནས་ཕྱག་བསྟར་གནང་བཞིན་པའི་དམངས་གཙོ་ནི་རྫུན་མ་ཡིན་ཟེར་བར་གཞོགས་འདེགས་སུ་གྱུར་ཡོད།

དེ་ལས་ལྡོག་ནས་ཨ་ཚོགས་ཀླུ་མཁར་བྱམས་ནས་དབུ་མའི་ལམ་ལ་དོགས་སློང་གནང་བཞིན་པ་དེས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གསོལ་རས་གནང་བའི་དམངས་གཙོ་ནི་ཡང་དག་ཅིག་ཡིན་པར་མ་ཟད། ལྟ་བ་མ་འདྲ་བ་མཉམ་གནས་ཆོག་པ་སྒྲུབ་ཐུབ་ཡོད་པས། འདི་ནི་དོན་དངོས་སུ་སྨད་པའི་ཚུལ་གྱི་བསྟོད་པའི་རྒྱུ་རུ་གྲུབ་ཡོད།

༣ བརྒྱུད་བསྐུལ་ནི་སྤྱི་ཚོགས་ཟང་ཟིང་བཟོ་བའི་བྱེད་གཏེ་ཡིན།

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་སེ་ར་ནས་རྒྱུད་སྨད་མཁན་པོའི་གནང་སྟངས་ལ་ཡོངས་གྲགས་སུ་བསྔགས་བརྗོད་གནང་བ་ནི་བརྒྱུད་བསྐུལ་དུ་གྱུར་ཡོད་པར་མ་ཟད། མང་ཆེ་བའི་སྤྱི་འཐུས་ཚོགས་གཙོའི་ངོས་ནས་བསྔགས་བརྗོད་གནང་བ་ནི་རྒྱལ་བ་རིན་པོ་ཆེ་ཡི་དགོངས་པ་ཡིན་པར་ནོར་ཉེན་ཤིན་ཏུ་ཆེ་ལ། རང་བཙན་དང་དབུ་མ་ཁ་ཁ་བྱེད་པའི་དུས་སུ་བབས་པའི་མཚོན་དོན་དུའང་གོ་སྲིད་པས། བཙན་བྱོལ་སྤྱི་ཚོགས་ཟང་ཟིང་དུ་འགྱུར་སྲིད་པ་དང་། སྒོས་སུ་སྐྱ་སེར་གཉིས་ནས་གཞིས་བྱེས་གཉིས་བར་གྱི་མགོ་རྙོག་ཆེན་པོ་ཞིག་ཏུ་མི་འགྱུར་བའི་ངེས་པའང་གཏན་ནས་མེད།

མ་གཞི་སྤྱི་འཐུས་ཚོགས་གཙོ་ནི་སྤྱི་མི་ཞིག་དང་། བྱ་བ་ཆེ་མ་ཆུང་གསུམ་གྱི་བར་གནས་པ་ཞིག་ཡིན་དགོས་པའི་ཁར། སྲིད་སྐྱོང་ལ་བཞེངས་ཀྱིན་པ་དེའང་བོད་མི་རིགས་ལ་མིག་དཔེ་སྟོན་མི་ཐུབ་ཀྱང་བཙན་བྱོལ་སྤྱི་ཚོགས་དཀྲུགས་གཞིར་མི་འགྱུར་བ་ཞིག་ཡོང་དགོས་ཀྱི་ཡོད། འདི་ནི་ཆེས་མ་མཐར་སྲིད་དོན་པ་ཚོར་ཚང་དགོས་པའི་ཆ་རྐྱེན་ཡིན་ལ། བཙན་བྱོལ་བོད་མིར་ངོ་འཕྲོད་དགོས་པའི་གནད་དོན་ཡང་ཡིན།

༤ བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ལ་མཐོང་ཆུང་བྱས་པ་ཡིན།

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཡོངས་གྲགས་སུ་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་དང་སྡིངས་ཆ་གཅིག་ནས་སྐད་ཆ་བཤད་ཀྱི་མིན་ཞེས་སྔ་རྗེས་སུ་འདུས་སྡེ་དང་རླུང་འཕྲིན་སོགས་སུ་བསྒྲགས་པ་ནི་མི་སྒེར་བ་ཞིག་ལས་བརྒལ་ནས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ལ་མཐོང་ཆུང་དང་ཁྱད་གསོད་བྱས་པར་གྱུར་ཡོད།

ཨ་ཚོགས་ཀླུ་མཁར་བྱམས་ནི་བོད་རང་བཙན་རྒྱལ་ཡོངས་ལྷན་ཚོགས་ནས་བཏོན་པའི་སྲིད་སྐྱོང་འོས་མི་གཅིག་པུ་དེ་ཡིན་ལ།ལྷན་ཚོགས་དེ་བཞིན་ཨ་རིར་རྟེན་གཞི་དང་ཡུ་རོབ།རྒྱ་གར་ནང་བཅས་སུ་ཡན་ལག་ཡོད་པའི་བོད་རང་བཙན་བསྐྱར་གསོ་དམིགས་འབེན་དུ་བཟུང་བའི་སྲིད་དོན་ཚོགས་པ་ཞིག་ཡིན། དེ་བས། སྤྱི་འཐུས་ཚོགས་གཙོ་ལགས་ནས་ཨ་ཚོགས་ཀླུ་མཁར་བྱམས་ལ་འཛིན་པའི་བྱེད་སྟངས་ནི་བོད་རང་བཙན་རྒྱལ་ཡོངས་ལྷན་ཚོགས་ལ་ངོས་ལེན་མེད་པ་ཡོངས་བསྒྲགས་གནང་བ་དང་གཅིག་པ་ཆགས་ཡོད། ཡང་གཅིག་བཤད་ན། འདི་ནི་ཁྲིམས་ཐོག་ཏུ་སླེབས་སྲིད་པའི་གྱོད་གཞི་ཞིག་ཀྱང་ཡིན། གལ་སྲིད་ཨ་རིའི་ཁྲིམས་ཁང་ནང་བསྐྱལ་བ་ཡིན་ན།ཚོགས་གཙོ་ལགས་དེང་ཕྱིན་ཨ་རིའི་ནང་སླེབས་མ་ཐག་གནམ་ཐང་ནས་ཐད་ཀར་ཁྲིམས་ཁང་ནང་འགྲོ་དགོས་པར་ཐུག་ཡོད།

༥ རྒྱལ་བ་རིན་པོ་ཆེར་ཁ་གཏོང་མཁན་ངོ་མ་ནི་རྒྱ་ནག་གཞུང་ཆགས་ཡོད།

སྤྱི་འཐུས་ཚོགས་གཙོ་ལགས་ཀྱིས་ས་བསྒྲགས་གནམ་བསྒྲགས་གནང་བཞིན་པའི་རྒྱལ་བ་རིན་པོ་ཆེར་ཁ་གཏོང་མཁན་དང་ལྷན་དུ་སྡིངས་ཆ་གཅིག་ལེན་གྱི་མིན་ཟེར་བ་འདིར་བདེན་པའི་ཆ་ག་ཚད་ཅིག་ཡོད་དམ། གལ་སྲིད་བདེན་པའི་ཆ་ཡོད་ཚེ་ཛ་དྲག་གི་གནད་དོན་གཞན་གཅིག་ལྷགས་ཀྱིན་པ་ནི་ཉུང་མཐར་མ་འོངས་སྲིད་སྐྱོང་གིས་རྒྱ་ནག་གཞུང་དང་མཉམ་དུ་མངོན་ལྐོག་གང་རུང་ནས་རྒྱལ་བ་རིན་པོ་ཆེ་བོད་ནང་ཕེབས་ཐུབ་མིན་དང་གནད་དོན་སྐོར་ཞིག་ལ་སྐད་ཆ་བཤད་དགོས་ཀྱི་ཡོད་ལ། རྒྱལ་སྤྱིའི་སྒང་དུའང་སྐད་ཆ་བཤད་པར་གྲ་སྒྲིག་ཡོད་ཅེས་རྣམ་འགྱུར་སྟོན་དགོས་པས། རྒྱ་ནག་གཞུང་གིས་སྔ་རྗེས་བར་གསུམ་དུ་རྒྱལ་བ་རིན་པོ་ཆེར་མཚན་སྨོད་བྱས་ཡོད་པར་མ་ཟད། དེང་གི་ཆར་དབུ་མའི་ལམ་ཁྱོན་ཡོངས་ནས་ངོས་ལེན་མེད་ཅེས་བསྒྲགས་ཡོད་པས།ཚོགས་གཙོ་ལགས་ཀྱིས་གནད་དོན་འདི་མ་འོངས་པར་ཇི་ལྟར་གནང་བར་མང་ཚོགས་ནང་ངོ་འཕྲོད་གནང་ཐུབ་བམ།

གལ་སྲིད་རྒྱ་གཞུང་དང་སྡིངས་ཆ་གཅིག་ལེན་གྱི་ཡིན་པ་དང་བོད་པ་ནང་ཁུལ་ལ་ལེན་གྱི་མིན་ལབ་པ་ཡིན་ན། ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་པའི་ངོ་བོར་གྲུབ་ཡོད་པས། འདི་ལྟ་བུའི་སྲིད་སྐྱོང་ཁ་ཁོག་མི་མཚུངས་པ་ཞིག་བཙན་བྱོལ་སྤྱི་ཚོགས་ནང་དགོས་མཁོ་ཡོད་དམ། འདི་ནི་མང་ཚོགས་ལ་ལྷགས་པའི་དྲི་བ་ཆེན་པོ་ཞིག་ཡིན།

མཇུག་བསྡུ་བ།

བརྒྱ་བཤད་ཚིག་གི་རྩ་བ། སྟོང་བསྲུབས་འོ་མའི་མར་ལོ་གང་ཡིན་ཟེར་ན། སྤྱི་འཐུས་ཚོགས་གཙོ་སྤྱི་མི་ཞིག་དང་མ་འོངས་སྲིད་སྐྱོང་ལ་ལངས་ཀྱིན་པའི་མི་སྣ་གནད་འགག་ཅན་ཞིག་ཆགས་ཡོད་པས། ཁོང་གི་གནང་སྟངས་ལ་རྗེས་འདེད་ཀྱིས་ཞིབ་འཇུག་དང་དོགས་སློང་བྱེད་རྒྱུ་ནི་སྲིད་དོན་པ་ཚོ་བཙན་བྱོལ་བོད་མིར་སྣེ་ཁྲིད་ཡག་པོ་ཞིག་དང་མིག་དཔེ་བཟང་བོ་ཞིགབར་གནས་དྲང་སྙོམས་ཅན་ཞིག་ཡོང་མིན་དང་།རྒྱལ་བ་རིན་པོ་ཆེ་མཆོག་གིས་གསོལ་རས་བསྩལ་བའི་དམངས་གཙོའི་ལམ་སྲོལ་འདི་བཞིན་འཐུས་ཚང་དང་ཡང་དག་ཅིག་ལ་བསྐུལ་འདེད་གཏོང་ཐུབ་མིན། རྒྱལ་བ་རིན་པོ་ཆེ་ནས་ནམ་རྒྱུན་ང་མེད་པ་ནང་བཞིན་ལས་ཀ་བྱོས་ཟེར་བའི་བཀའ་སློབ་ཇི་བཞིན་དུ་ལག་ལེན་ནང་བསྟར་ཐུབ་མིན་བཅས་ལ་ཐུག་ཡོད་པར་མ་ཟད།དེང་ཕྱིན་བཙན་བྱོལ་སྤྱི་ཚོགས་དད་པ་ལོག་སྤྱོད་བྱེད་མཁན་ཚོའི་བསླུ་བྲིད་འོག་མི་འགྲོ་བར་རང་ཉིད་ཀྱི་སེམས་ཁུང་དུ་ཡོད་པའི་འདོད་འདུན་ངོ་མར་ཞབས་འདེགས་ཞུ་ཐུབ་ས་རེད་སྙམ་པའི་འོས་མི་མ་དོར་བ་གནང་གལ་ཆེ་བ་ངོ་འཕྲོད་ཐབས་སུ་སྦྱར་བའི་ཁུལ་ཡིན།

ཕྱི་ལོ༢༠༡༥ལོའི་ཟླ༨ཚེས༣༠ཉིན་ཨོ་སི་ཁྲི་ཡ་ནས་བྲིས་པ་དགེའོ།